R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༢
[A:༡༨༢]ཚེ་དབང༌། དེའི་ཚེ་འཁྲིད་ཡིག་ལུང་དང་བཅས་པ། དམར་འཁྲིད་ཚེམ་བུ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང༌། འཁྲིད་དངོས། ཡིག་སྐོར་དང་བཅས་པ། སྒོ་དྲུག་གཟུངས་མཆོག་གི་དབང༌། གཙུག་ཏོར་དྲི་མེད་རྒྱས་འབྲིང་བསྡུས་གསུམ་གྱི་དབང༌། གཟུངས་གྲྭ་ལྔའི་དབང༌། སེང་གདོང་མ། སྨེ་བརྩེགས། རྣམ་སྲས་ཞི་དྲག་ལ་སོགས་པའི་དབང་རྗེས་གནང༌། ཡིག་ལུང་སོགས་བསམ་གྱིས་མི་ཁྱབ་པ། ནཱ་རོའི་ཆོས་དྲུག །སེམས་འཁྲིད་ཡིད་བཞིན་ནོར་བུ། ནི་གུ་ཆོས་དྲུག །སུ་ཁ་ཆོས་དྲུག །སེམས་ཉིད་ངལ་གསོ་ལ་སོགས་པའི་འཁྲིད་མང་པོ། དེ་དག་དང་རྗེས་སུ་འབྲེལ་བའི་དབང༌། བྱིན་རླབས་ཡིག་ལུང་སོགས་དུ་མ་ཞིག་གསན་པར་མཛད་དོ། །མཁྱེན་པའི་མངའ་བདག་འཇམ་དབྱངས་ཤཱ་རིའི་བུ། །མཁྱེན་རབ་ཆོས་རྗེར་མཚན་གསོལ་ཡོངས་འཛིན་གྱིས། །མཁྱེན་ཅིང་གསན་པའི་ཟབ་དོན་གངྒཱའི་རྒྱུན། །མཁྱེན་ལྡན་ཁྱོད་ཀྱི་ཐུགས་མཚོར་ཞུགས་པར་གྱུར། །གཞན་ཡང༌། རྗེ་རྡོ་རྗེ་འཆང་ཆེན་པོའི་སྲས་ཀྱི་ཐུ་བོ་འཁོར་ལོ་སྡོམ་པ་དངོས་དང་དབྱེར་མ་མཆིས་པ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་པ། མཁས་པའི་མཁས་པ་སྣར་ཐང་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཉམས་དང་རྟོགས་པའི་བདག་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག །བྱང་ཆུབ་སེམས་དཔའ་ཆེན་པོ་མངའ་རིས་ཁོ་ཆར་བ་མཁན་ཆེན་བསོད་ནམས་རྒྱལ་མཚན། རྒྱུད་སྡེ་རྒྱ་མཚོའི་གནད་དོན་རིག་པའི་མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ། སྡེ་སྣོད་གསུམ་གྱི་