R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༠
[A:༡༨༠]ས་སྐྱ་པ། །གང་དེའི་ཐུགས་ཀྱི་ལྕགས་ཀྱུ་ཡིས། །ཁྱོད་ཐུགས་གཉིས་འཐུང་རབ་དྲངས་ཤིང༌། །བསྟན་སྲུང་རྒྱ་མཚོས་སྙན་བརྒྱུད་ཀྱི། །བདག་པོར་འོས་པས་ཡང་ཡང་བསྐུལ། །དེ་ཚེ་དཔྱིད་ཀྱི་ཉི་གཞོན་སྦྲང་ཆང་གིས། །མྱོས་པས་འགྲམ་པའི་རྡུལ་ཆུ་ནག་པོའི་རྒྱུན། །གཟེགས་ལྡན་གླང་ཆེན་པད་མཚོར་བསྙེགས་པ་བཞིན། །དཔལ་ལྡན་ས་སྐྱའི་ས་ཡི་ཐིག་ལེར་བྱོན། །དེར་ནི་ལི་ཁྲིའི་རྡུལ་དམར་འཁྲིགས་པའི་གཞིར། །ཉི་ཟེར་བྱེ་བས་ལན་བརྒྱར་བྱུགས་པ་ལྟའི། །ངུར་སྨྲིག་འཛིན་པའི་མཁས་མང་བྱེ་བ་བརྒྱའི། །ཅོད་པན་ནོར་བུའི་ཁྲི་ལ་ཞབས་བཀོད་པའི། །འཇམ་པའི་རྡོ་རྗེ་ངུར་སྨྲིག་འཆང་བའི་དཔལ། །ཁྱབ་བདག་འཁོར་ལོའི་མགོན་པོ་ས་སྐྱ་པ། །ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ། །ཁམས་གསུམ་འགྲན་ཟླ་བྲལ་བའི་བཤེས་གཉེན་དེའི། །ཞལ་གྱི་ཟླ་དབང་དཀར་པོའི་དཀྱིལ་འཁོར་ནི། །གཟིགས་པའི་མོད་ལ་གཟུང་འཛིན་པདྨ་ཟུམ། །ལྷན་སྐྱེས་བདེ་ཆེན་ཀུ་མུད་འཛུམ་དཀར་གྱིས། །རབ་དགའི་ཏིང་འཛིན་མིང་གི་ལྷག་མར་བྱས། །ས་སྲུངས་ཅན་གྱི་བ་གམ་ཆེར་མཐོ་བའི། །ཆུ་འཛིན་རོལ་པའི་ཁང་བཟང་མཐོན་པོའི་རྩེར། །དབྱར་སྐྱེས་གཞོན་ནུ་མྱོས་པའི་གླུ་དབྱངས་ཀྱིས། །ནགས་ཀྱི་མཛེས་མའི་སྙིང་ལ་དགའ་སྟོན་བཞིན། །ཟབ་ཡངས་ལི་ཤིའི་འཁྲི་ཤིང་ལྡིང་ཁང་ནས། །ངག་དབང་ཡོངས་འཛིན་ལྷ་མོའི་བཀའ་ཡིག་གི །ལེགས་བཤད་རྒྱུད་མང་སྔོན་པོ་སྒྲེང་བའི་སྒྲ། །སྐལ་བཟང་སྙན་གྱི་ཨུཏྤལ་རྩེར་ཕྱོགས་པས། །རྣམ་དཔྱོད་ཐུགས་ཀྱི་རྒྱ་མཚོ་ཆེ། །རྒྱ་ཆེན་ལུང་གི་རྦ་རླབས་གཡོ། །རྨད་བྱུང་རྟོགས་པའི་ནོར་བུས་གཏམས། །གྲགས་དཀར་རི་བོའི་མཚམས་ལས་