R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༤
[A:༡༦༤]ཤར་རིའི་ཕྲག་པར་ཉི་གཞོན་མཐོན་པ་ལྟར། །ཌཱ་ཀིའི་མཁའ་ལས་ཡིད་འོང་གཞོན་ནུའི་སྐུ། །འགྲོ་འདིའི་བསོད་ནམས་གཟུགས་ཅན་བཞིན་དུ་བལྟམས། །དེ་ནས་མཁས་གྲུབ་བླ་མ་ཡིས། །དེ་ཡི་ཕུང་ཁམས་སྐྱེ་མཆེད་ལ། །གདན་གསུམ་ཚང་བའི་ས་བོན་བཏབ། །རྡོ་རྗེ་འཛིན་པའི་དེད་དཔོན་དུ། །དང་པོའི་དབང་གིས་སྨིན་པར་བྱས། །དེ་དུས་སྐྱེ་རྒུ་རྐང་དྲུག་ལྡན་པ་རྣམས། །ཡིད་འཕྲོག་དེ་ཡི་གཟུགས་ཀྱི་ཆུ་སྐྱེས་ལ། །བལྟ་ཞིང་འདོད་དགུ་སྦྲང་རྩིས་ཚིམས་པ་ཡིས། །སྙན་པའི་དར་དིར་ཕྱོགས་བརྒྱར་སྒྲོག་ལ་བརྩོན། །དེ་ལ་ཡ་མཚན་འཆི་མེད་སྐྱེད་ཚལ་ནས། །ཡིད་སྲུབས་ལྷ་ཡི་མེ་ཏོག་གསར་པའི་ཕྲེང༌། །ཀཻ་ལ་ཤ་ཡི་རྡུལ་དཀར་འཁྲིགས་པ་བཞིན། །གཞོན་ནུ་བཞུགས་པའི་ས་ཕྱོགས་ཀུན་ཏུ་འཐོར། །ཨེ་མ་ཟླ་ཤེལ་ལྷུན་པོའི་སྤོ། །ཨུཏྤལ་སྔོན་པོའི་མིག་དཀྱུས་དང༌། །སྦྲང་རྩི་འཛིན་པའི་རལ་ཁུར་གྱིས། །བརྒྱན་ན་འདི་དང་མཚུངས་པ་སྙམས། །དེ་ལྟར་གཞོན་ནུ་དེ་ནི་མཛེས་ཤིང་ལྟ་ན་སྡུག་པ་རང་བཞིན་གྱི་མཚན་དཔེའི་ཆ་ཤས་དང་ལྡན་པས་སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩི་ལྟ་བུར་གྱུར་ཅིང༌། སྔོན་ལེགས་པར་སྤྱད་པའི་སྤྱོད་པ་རླབས་པོ་ཆེ་ལ་རིང་ནས་གོམས་པའི་ཤུགས་ཀྱིས་ཐོ་ཅོའི་སྤྱོད་པ་ཅུང་ཟད་ཀྱང་མི་མཛད་ཅིང༌། དུལ་ཞིང་ཡིད་གཞུངས་པ་དང༌། སྐུ་རྩེད་ཀྱི་རྣམ་པའང་ཆོས་འཆད་པ་དང༌། དབང་བསྐུར་བ་དང༌། སྦྱིན་པ་གཏོང་བ་ལ་སོགས་པ་དགེ་བའི་བྱ་བ་བསྒྲུབ་པའི་ཚུལ་གྱིས་དུས་འདའ་བ་དང༌། ལན་ཅིག་གི་ཚེ་རྡོ་རིང་གི་གྲོག་པོ་ཞིག་གི་ནང་དུ་བྲོས་ནས་ཡིབ་བཞུགས་པ་ལས། ཀུན་གྱིས་བཙལ་བས་རྙེད་ནས་ཡུམ་