R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༥
[A:༡༦༥]གྱིས་ཅི་ཡིན་གསུངས་པས། བདག་བཙུན་པ་ལ་འབྲོས་སྙམ་པ་ཡིན་གསུང་བ་དང༌། འདྲི་ཀློག་ལ་སོགས་པའང་བརྡ་ཙམ་ཕུལ་བས་ཐོགས་མེད་དུ་ཕུལ་དུ་ཕྱིན་པར་མཁྱེན་པར་གྱུར་ལ། སྐུ་ན་ཤིན་ཏུ་ཕྲ་བའི་དུས་དེར་འབྱུང་པོ་ཆེན་པོ་ཞིག་ཁྱིའི་རྣམ་པར་བྱས་ཏེ་དྲུང་དུ་བྱུང་བ། བསྐྱེད་རིམ་གྱི་ང་རྒྱལ་དང་བཅས་པས་སྐུ་སྲུང་བརྒྱབ་པས་རྒྱང་རིང་དུ་བྲོས་པའི་སྐད་ངན་ཕྱི་རོལ་ཏུ་སྐྱེ་བོ་གཞན་དག་གིས་ཐོས་པས་ཀུན་གྱིས་ངོ་མཚར་བར་གླེང་བ་བྱུང་བར་སྣང་ངོ༌། །རླབས་ཆེན་སྤྱོད་པ་དེས་པའི་གོམ་སྟབས་ཀྱིས། །ཐ་མལ་མུ་ཅོར་མིང་གི་ལྷག་མར་བྱས། །གཞོན་ནུ་ཉིད་ནས་རྒན་པོའི་བློ་ཅན་དེ། །ཉིན་མཚན་ཆོས་ཀྱི་སྣང་བས་འདའ་བར་གྱུར། །ཤྭ་ནའི་ཟོལ་གྱིས་འོངས་པའི་གདུག་ཅན་གདོན། །སྐུ་སྲུང་ཟོལ་གྱི་རབ་འབར་རྡོ་རྗེ་ཡིས། །རྒྱ་མཚོའི་ཕ་མཐར་བསྐྲད་པའི་ངུད་མོའི་སྒྲ། །ཕྱི་རོལ་སྐྱེ་བོའི་རྣ་བར་ལྷང་ངེར་བསྒྲགས། །དགུང་ལོ་ལྔ་ཙམ་བཞེས་པའི་དུས། མགོན་པོ་གུར་ཞལ་གྱི་གཏོར་ཆོག་མ་བསླབས་པར་མཁྱེན་ཅིང༌། །ཉི་ཤུ་དགུ་བྱུང་ངོ་ཅོག་གི་གཏོར་མ་དཔལ་འབར་དང་བཅས་པ་ས་སྐྱ་ཕྱོགས་སུ་འབུལ་བར་མཛད་པའི་ཚེའང༌། ཆོས་སྐྱོང་འདི་ན་གསུང་བ་སོགས་ཐོགས་མེད་དུ་གཟིགས་པ་དང༌། སྐབས་འགར་ཆོས་སྐྱོང་རྣམས་བྱོན་བྱུང་གསུང་པའི་ཚེ། ཐོག་འཚེག་པ་དང༌། ཁང་པ་གཡོ་བ་ལ་སོགས་པའི་རྣམ་འགྱུར་ཀྱང་ཆེ་བར་འབྱུང་ཞིང༌། གཞན་ཡང་ང་དང་པོ་ལ་སྟོད་བྱང་གི་བླ་མ་འདི་ལྟ་བུ་ཡིན་ཡོན་ཏན་ནོར་རྫས་གྲྭ་པ་སོགས་འདི་ལྟ་བུ་ཡོད་གསུང་བ་བྱུང་འདུག །དགུང་