R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༣
[A:༡༦༣]པ་དང༌། སྣང་བ་མཐའ་དག་འོད་གསལ་དུ་འཆར་བ་སོགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་རྒྱུད་ལ་འཁྲུངས་སོ། །རྒྱལ་དབང་རྣམ་སྤྲུལ་འཆི་མེད་གཞོན་ནུ་ཞིག །སྨོན་ལམ་དག་པའི་འོད་གསལ་ལྷ་ལམ་ནས། །རྒྱལ་རིགས་མཐོན་པོའི་ནོར་འཛིན་རྩེར་བབས་ཏེ། །མཚན་ལྡན་དགའ་མའི་གཞལ་མེད་ཁང་དུ་ཞུགས། །དེ་ཚེ་ཡུམ་གྱི་སྐུ་ནི་ཤིང་བལ་ལྟར། །ཡངས་ཤིང་ཟླ་དབང་ལྟ་བུར་དཀར་མདངས་ཆགས། །དགའ་བདེའི་ཏིང་འཛིན་བདུད་རྩིས་མྱོས་པ་ཡིས། །སྒྱུ་འཕྲུལ་ལྷ་མོའི་ངང་ཚུལ་ཇི་བཞིན་གྱུར། །དེ་ནས་ཡབ་ཞེ་གཉིས་པ། ཡུམ་སོ་གཉིས་པ་དཀར་པོ་ཞེས་བྱ་བ་ས་མོ་སྦྲུལ་གྱི་ལོ་ནག་པ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞི་སྐར་མ་ཁྲ་ལ་བབ་པའི་དུས་སྦྱོར་བཟང་པོའི་ཉི་དྲོས་ལ་སྐུ་བལྟམས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའ་གཡའ་ཡོངས་སུ་དག་ཅིང་ཉི་ཟླའི་འོད་ཟེར་ཆེས་ཆེར་གསལ་བ་དང༌། ཉེ་འཁོར་ཐམས་ཅད་དུ་ལྷའི་མེ་ཏོག་གི་ཆར་ཆེན་པོ་བབས་པར་གྱུར་ཅིང༌། །དེ་ལ་སྐྱེ་བོ་དག་གང་གི་ལྟས་ཡིན་ནམ་གླེང་བ་ན་ཕལ་ཆེར་དེང་སང་རྡོ་རིང་པ་ལ་སྲས་ཁྱད་པར་ཅན་ཞིག་འཁྲུངས་ཡོད་འདུག་པས་དེའི་ལྟས་ཡིན་པར་ངེས་སོ་ཞེས་མཐུན་སྣང་གྲུབ་པར་བྱེད་ལ། དེར་འདུས་པའི་སྐྱེ་བོའི་ཚོགས་ལ་བཙས་སྟོན་ཕུན་སུམ་ཚོགས་པས་རབ་ཏུ་ཚིམ་པར་མཛད་ཅིང༌། ཡབ་ཀྱིས་བསོད་ནམས་ལྷུན་པོ་རིན་ཅེན་དུ་མཚན་གསོལ་འཁྲུངས་མ་ཐག་རྗེ་ཉིད་ཀྱི་མེས་པོའི་ཞང་པོ་ཞ་ལུ་པའི་སློབ་བརྒྱུད་མཁས་གྲུབ་རྒྱལ་མཚན་དཔལ་བཟང་ལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་བ་གསན་པར་མཛད་དོ། །ཆུ་མཚོའི་འཇིང་ནས་ཟླ་ཤེལ་གསར་པ་དང༌། །