R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 32b
[B:32b]སྦྱིན་སྟོབས་ཆེ་བ་དང་བཅས་པ་ཉེས་མེད་དུ་སླེབ། སྐུ་བསོད་ཇེ་རྒྱས་བྱུང་། སྐུ་ཚེ་རིང་ན་བསྟན་པའི་ཞབས་ཏོག་བདག་རྐྱེན། འགྲོ་བ་མང་པོའི་དོན་མཛད་པར་བཞེད་པའི་ཐུགས་སྐྱེད་ཁྱད་པར་ཅན་དང་བཅས་པ་ཡོད་པ་ཡིན་ནའང་། ལྟོས་བཅས་ཡོན་མཆོད་ཀྱི་བསོད་ནམས་ཀྱི་ཁྱོན་དུ་མ་ཤོང་བར༑ དགུང་ལོ་ཉི་ཤུ་ཉེར་དགུར་ཕེབས་ཙམ་ཆུ་མོ་ལུག་གི་ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ནུབ་མོ། བླ་མའི་ཕྱོགས་སུ་དབུ་སྔས་བསྒྱུར་བ་ལ་སོགས་པའི་མོས་གུས་རྩེ་གཅིག་གི་ངང་ནས་ཕོ་བྲང་ལྷུན་པོ་རྩེར་གཤེགས་སོ། །འདི་ལ་ཡང་ཡར་འབྲོག་སྟག་ལུང་དུ་ཕེབས་པའི་སློབ་དཔོན་ཆོས་སྐྱོང་བུ་འདྲེན་པ་ལ་སོགས་པ་ལྕམ་མོ་ལྔ་བཞུགས་སོ།།མིའི་དབང་པོ་འདིའི་བཙུན་མོ་ནི། ཤངས་པའི་བདག་མོ་གཞོན་པ་ལ་སྲས་གཅིག་བགྲེས་པ་ལ་སྲས་མོ་གཅིག རྣམ་རྒྱལ་གླིང་མ་དཔལ་འབྱོར་བཟང་མོ་བ་ལ་སྲས་གཅིག་རྣམས་བྱོན་པའི་སྲས་ཆེ་བ། ནམ་མཁའ་རིན་ཆེན་རྒྱལ་ཚབ་དཔལ་བཟང་པོ་ཞེས་བྱ་སྟེ། ཡབ་དགུང་ལོ་བཅུ་དགུ་པ་ཆུ་མོ་བྱ་ལ། ཕྱིའི་ས་སྤྱད་བླ་མའི་རྣལ་ལམ་བཟང་བ་ལ་སོགས་པའི་ལྟས་དང་བཅས་ཏེ་འཁྲུངས།སྐྱེས་སྟོབས་ཀྱི་ཐུགས་རབ་དང་སྦྱངས་
[A:68]སྟོབས་ཀྱི་བརྩོན་འགྲུས་གཉིས་ཀ་ཕུན་སུམ་ཚོགས་པས། གཞོན་ནུ་ནས་ཀྱེེ་རྡོར་དང་། རྡོ་རྗེ་ཕུར་པའི་ཐུགས་དམ་གཏོར་འབུལ། སྔགས་རིང་མང་པོའི་བཟླས་བརྗོད་ལ་ཤིན་ཏུ་བརྩོན། ཡབ་བདེ་བར་གཤེགས་མ་ཐག་ནས་བྱིས་པའི་སྤྱོད་པ་ཅུང་ཟད་ཀྱང་མི་མི་མཛད༑ བརྟག་པ་གཉིས་པ་ལ་སྦྱངས། དགུང་ལོ་བཅོ་ལྔ་པ་ལ་སྐུ་མཆེད་ཐབས་གཅིག་ཏུ་གདན་སར་ཕེབས། ཉི་མ་གསུམ་སྦྲེལ་དུ་བཤད་པ་རྒྱས་པ་དགའ་སྟོན་བཟང་པོ་དང་བཅས་པ་གནང་བས། ས་སྐྱ་པ་ཐམས་ཅད་ཡི་རང་