R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 33a
[B:33a]གདུང་བརྒྱུད་ཀྱིས་ཆོས་གསུངས་པ་ལ་འདི་ལས་ལྷག་པའམ། མཚུངས་པ་རྒན་གྱིས་མི་དྲན་པས་ཤིན་ཏུ་ངོ་མཚར་དུ་འཛིན་པ་དང་། གང་རུང་གཅིག་གདན་སར་མི་བཞུགས་པའི་སྟབས་མེད་ཅེས་ཞུ་བ་བྱུང་། དེ་དང་དུས་མཚུངས་གདན་སར་འདེགས་ཁ་རང་དུ་རྒྱ་ཡུལ་ནས་འབུལ་བ་དང་༑ འབའ་ཧུ་ལེན་མི་རྫོངས་གསུངས་པའི་རྒྱལ་པོའི་འཇ་སགས་ཡང་ཕེབས། ཡར་ཕྱིར་རྩེ་ཤར་ནུབ་དང་། གཞིས་ཁ་བསམ་རྩེ་ནས་ཀྱང་སྐྱེ་བསུ་ཐབ་འཛིན་བཀུར་བསྟི་ངོ་མཚར་བ་མཛད་དོ། །སྐུ་གཞོན་པ་ནི། ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་སྟེ། ཡབ་དགུང་ལོ་ཉེར་བཞི་པ། ས་ཕོ་སྟག་ལོ་ལ་འཁྲུངས། བྱིས་པ་ཆུང་ངུའི་སྤྱོད་པ་ཐམས་ཅད་དང་བྲལ་ཐུགས་ཁྲོ་བ་མི་མངའ་བ་ལྟ་བུ་ཡུན་རིང་དུ་བྱུང་། ད་ལྟའི་སྐུ་གསུང་ཐུགས་ཀྱི་གནས་ཚུལ་ཡང་ཡབ་ཇི་ལྟ་བ་བཞིན་དུ་ངོ་མཚར་བར་བཞུགས་སོ༑ །ལོ་ལ། བདག་ཆེན་མིའི་དབང་པོ་འདི་ལ་ཡང་། །རྒྱའི་རྒྱལ་པོས་ཡབ་ལ་ཇི་ལྟར་གནང་བ་ལྟར། དབང་གི་མཚན་དང་ལས་ཁ། འཇ་སགས། ལུང་བཟང་པོ། སེར་ཆས་དང་། རྡོར་དྲིལ་བུབས། རྟེན་ཁེབས། པང་ཁེབས་གསེར་མ། དབང་གི་
[A:69]སྐྱ་ཆས་ཚང་མ། ཇ་གོས་དར་གྱི་གནང་སྦྱིན་སྟོབས་ཆེ་བ་དང་བཅས་པ་བྱུང་། ཀྱེ་རྡོར་དང་ཕུར་པ་སོགས་ཡབ་མེས་ཀྱི་ཆོས་ལ་མཁས། ཐུགས་དམ་མཐིལ་མ་ལམ་འབྲས་ལ་མཛད། མདོར་ན་ཆོས་འཇིག་རྟེན་གྱི་ཕྲིན་ལས་ཇེ་རྒྱས་སུ་བཞུགས་སོ། །དེ་ལྟར་ན་གདུང་རབས་རྐང་བགྲང་ཉི་ཤུ་རྩ་བདུན། གྱེས་པས་བགྲང་ན་བརྒྱ་ལྷག་སོང་འདུག་ནའང་། སྟག་ཚང་པ་འདི་པ་ལས་གཞན་རྣམས་ནི་ཆད་དུ་ཉེ་བར་སོང་འདུག་ཅིང་།