R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 15b
[B:15b]སུ་གསོལ་ནས། ཉིས་བརྒྱ་དགེ་འདུན་གྱི་སྡེ་སོ་སོར་བསྟན་པའི་རྒྱུན་ལ་ཕུལ༑ མདོར་ན་ཆོས་དང་ཟང་ཟིང་གི་དཔལ་འབྱོར་གང་ལའང་འཛིན་ཆགས་ཅུང་ཟད་ཀྱང་མི་འཛིན་པར་སྦྱིན་གཏོང་ཁོ་ན་ལ་དགྱེས་པ་འདྲ་བ། སྐུ་གཤེགས་ཁར་ན་བཟའ་ཕྲུགས་གཅིག་ལས་མ་ལུས་པར་གྲགས་སོ། །ཁྱད་པར་ཆོས་ཀྱི་སྤྱིན་པ་ལ་མཆོག་
[A:32]ཏུ་དགྱེས་པས་གང་ཞུས་དེ་མ་ཐག་ཐུགས་ནས་གསུང་བ་མ་གཏོགས། ཕྱིས་བྱ་གསུང་བ་མི་སྲིད། དུས་ནམ་ཡང་འཆད་རྩོད་རྩོམ་གསུམ་ཁོ་ནས་དུས?འདུས་འདའ་བར་མཛད་དོ། །ཤེས་རབ་ཕུན་སུམ་ཚོགས་པ་ནི། གང་གཟིགས་པ་ཐམས་ཅད་ཀྱི་ཚིག་དོན་ལ་ཆགས་ཐོགས་ཅུང་ཟད་ཀྱང་མི་མངའ་བར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་ནས་མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་དྲི་མ་ཅུང་ཟད་ཀྱང་མེད་པར་ཐུགས་སུ་ཆུད་པས། ཆོས་རྗེ་པས། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ༑ །ཞེས་བསྟོད་པ་མཛད་ཅིང་འཇམ་དབྱངས་དངོས་སུ་གཟིགས་སོ། །དེ་ལྟར་རང་གི་མཁྱེན་ཅིང་གཟིགས་པ་ཐམས་ཅད་གཅུང་དང་ཆོས་རྗེ་པ་དང་། དགའ་སྟོན་བདུད་རྩི་གྲགས་སོགས་གྲགས་པའི་མཐའ་ཅན་རྣམས། ཕོ་རོག་པ་ཆེན་པོ་ལ་སོགས་པ་དངོས་ཀྱི་གདུལ་བྱ་རྣམས་ལ་ཉིན་མཚན་ཀུན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བསྐོར་ཞིང་། དངོས་བརྒྱུད་མཐའ་དག་གི་ཆེད་དུ་ལེགས་བཤད་མཐའ་ཡས་པ་བརྩམས་ཏེ། ཡབ་སྲས་ཁུ་དབོན་གྱི་ནང་ན་འདི་ཉིད་ཀྱི་བརྩམས་ཆོས་མང་བར་བཞུགས་སོ༑ །མདོར་ན་བླ་མའི་མོས་གུས་ཐུགས་དམ་ཐོས་བསམ། གཞན་ཕན་ལྷག་བསམ་རྣམས་ཉིན་པར་ཤུགས་ཤིན་ཏུ་ཆེ་བས་མཚན་མོ་མནལ་ལམ་དུ་ཡང་མཚན་བརྗོད་ལ་སོགས་པའི་ཞལ་འདོན་ཐུགས་དམ་མང་པོ་དང་། གཟིགས་རྟོག་དང་རྟོག་དཔྱོད་མཐའ་ཡས་པ་འབྱུང་ཞིང་། ས་ཆེན་གྱིས་ཐུགས་ཁ་ནས་བླ་མ་འཁོར་བཅས་ཀྱེ་རྡོར་གྱི་དཀྱིལ་འཁོར་སྟོན་པ་ཤཱཀ་ཐུབ་འཁོར་བཅས་