R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 15a
[B:15a]གསོལ། མདོར་ན་བླ་ཆེན་ཡབ་སྲས་རྗེ་བཙུན་རིན་པོ་ཆེ། གཉན་གཙུག་ཏོར་རྒྱལ་པོ། གཉན་དབང་རྒྱལ། ཞང་བཙུན་ཚུལ་གྲགས། བལ་པོའི་པཎྜི་ཏ་ཛ་ཡ་སེ་ན། ལོ་ཙཱ་བ་དར་མ་ཡོན་ཏན། སུམ་པ་ལོ་ཙཱ་བ་དང་དཔལ་མཆོག་དང་པོའི་རྡོ་རྗེ་ལ་སོགས་པ་ལ། རྒྱ་གར་ནས་འགྱུར་བའི་མདོ་བསྟན་བཅོས། རྒྱུད་མན་ངག་མཐའ་ཡས་པ་གཅིག་གསན་ཅིང་ལེགས་པར་སྦྱངས། མ་གསན་པ་འགའ་རེ་ཡང་
[A:31]གཟིགས་རྟོག་ལེགས་པར་མཛད་དེ། ང་ཐོས་རྒྱ་ཅན་མིན་ཀྱང་མཐོང་རྒྱ་ཅན་ཡིན། ངས་དགེ་སློང་གཅིག་འགྲུབ་ཏུ་རེ་ནས་འདུལ་བ་ལུང་འདི་ཡུན་རིང་པོར་བལྟ་བ་མ་གྲུབ། དགེ་སློང་མི་གྲུབ་པར་ཤེས་ནས་ལེགས་པར་བལྟས་ཞེས་གསུངས། མདོར་ན་མ་གཟིགས་པ་འམ་མི་མཁྱེན་པའི་ཆོས་ཅུང་ཟད་ཀྱང་མེད་པས། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་པའི་ས་གསུམ་པའི་ཡོང་སྦྱོང་རྫོགས་པར་མཛད་དོ། །གཏོང་བ་ཕུན་སུམ་ཚོགས་པ་ནི། དགེ་འདུན་མང་དུ་བསགས་པའི་ཆོས་འཁོར་ལན་གསུམ་མཛད། རྒྱུན་ལྔན་དུ་དགེ་འདུན་བརྒྱ་ཕྲག་ཙམ་གྱི་འཚོ་བ་སྦྱོར། དབུ་རྩེ་རྙིང་མར་གྲགས་པའི་གཙུག་ལག་ཁང་། ཡབ་ཀྱི་ནང་རྟེན་བཀྲ་ཤིས་སྒོ་མངས། མེས་ཀྱི་ནང་རྟེན་གསེར་འབུར་ཆེན་མོ། གཅེན་དང་གཅུང་གི་ནང་རྟེན་གསེར་སྐུ་ཆེན་མོ་རེ་རེ། དེ་དག་གི་དྲུང་དུ་དཀར་མེ་མཚན་ཐུབ་བརྒྱ་རྩ་འཆག་མེད་ཀྱི་རྒྱུན། གཞན་ཡང་ཆེན་པོ་ལ་འོས་པའི་བླ་རེ་ཡོལ་བ། འཕན་གདུགས་རྒྱལ་མཚན། དྲིལ་བུའི་སྡང་རིངས། གསེར་གྱི་མདོ་མངས་དང་རྒྱུད་འབུར་ལ་སོགས་པའི་བཀའ་འགྱུར་ཕལ་ཆེར་གསར་དུ་བཞེངས། གཞན་གྱིས་ཕུལ་བའི་འབུམ་ཆ་སུམ་བརྒྱ་ཙམ་བྱུང་བའི་སྟེང་ནས་བརྒྱ་ཕྲག་གཅིག་གཙུག་ལག་ཁང་དེར་བཞུགས་