R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 14b
[B:14b]གི་འདུ་ཤེས་ཁོར་ཡུག་ཏུ་མཛད་ནས་ཞལ་བཞུགས་པའི་རིང་ལའང་བཀའ་གང་གནང་སྒྲུབ་པའི་སྒོ་ནས་ལེགས་པར་མཉེས་པར་བྱེད། སྐུའི་རྒྱབ་མི་སྟོན། ཀུ་རེའི་ཕྱིར་ཡང་བཀའ་མི་ཟློག མི་མཉེས་པ་ཅུང་ཟད་ཀྱང་མི་སྒྲུབ། ཞི་བར་གཤེགས་ནས་ཀྱང་གསོལ་བ་རྒྱུན་མི་འཆད་དུ་འདེབས་པས་སྐུའི་སྣང་བ་དང་མི་འབྲལ། གསུང་རབ་ལ་ཐེ་ཚོམ་གང་བྱུང་ཐམས་ཅད་མཎྜལ་ཕུལ་ནས་བླ་མ་ཡབ་སྲས་ཁོ་ན་ལ་གསོལ་བ་འདེབས། མདོར་ན་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་བོད་དུ་འདི་ལས་
[A:30]ལྷག་པ་མ་བྱུང་བར་གྲགས་སོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི། དགུང་ལོ་བརྒྱད་པ་ལ་བྱང་སེམས་ཟླ་རྒྱལ་གྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ནོད་དེ། རྟེན་སྐྱ་བོར་བཞུགས་པ་ཙམ་མ་གཏོགས། ཤ་ཆང་སྒོང་གསུམ་ཞལ་ལ་མི་རེག དགེ་སློང་ཁྱད་པར་ཅན་གྱི་ཐུགས་ཉམས་དང་མི་འབྲལ། སྐུ་འཁོར་གྱི་གཙོ་བོ་ཡང་རབ་བྱུང་ལ་མཛད། ཁྱེད་རྣམས་ཀྱིས་གསོ་སྦྱོང་མ་ཆག་པ་གྱིས་ཇ་ངས་འདྲེན་གསུངས་ནས་རབ་བྱུང་འབའ་ཞིག་ལ་དགྱེས། མདོར་ན་སྡོམ་གསུམ་ལེགས་པར་ནོད་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མཛད་དོ། །ཐོས་པ་ཕུན་སུམ་ཚོགས་པ་ནི། གཞོན་ནུ་ཉིད་ནས་ཀློག་དང་ཡིག་རྩིས་སོགས་ཚེགས་ཆུང་ངུས་མཁྱེན་ཅིང་། ཡབ་དང་གཅེན་ལ་དབང་བཤད་མན་ངག་མ་ལུས་པར་གསན། ཁྱད་པར་དགུང་ལོ་བཅུ་གཉིས་པ་ལ་སྡོམ་པ་ཉི་ཤུ་པ་དང་། སྒྲུབ་ཐབས་མཚོ་སྐྱེས་ཐུགས་ལས་གསུངས། བཅུ་གསུམ་པ་ལ་རྒྱུད་གསུམ་གྱི་པོ་ཏི་ཞལ་དུ་གསོལ་བའི་མནལ་ལམ་བྱུང་བ་བཞིན་དུ་ཚིག་དོན་མཐའ་དག་ཐུགས་ལ་ཆུད་དེ། ཡབ་གཤེགས་པའི་ཆོས་འཁོར་ལ་ཚོགས་སུ་གསུངས་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། བློ་གྲོས་ཆེན་པོར་མཚན་