R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 14a
[B:14a]རྒྱ་གར་གྱི་གྲུབ་ཆེན་མི་ཐུབ་ཟླ་བའི་སྤྲུལ་པར་གྲགས། འདིས་ལོ་བཅུ་བདུན་གྱི་བར་ལ་ཡབ་བཞུགས་པས༑ ཡབ་ལ་ཟབ་རྒྱས་ཀྱི་ཆོས་མཐའ་དག་དང་། དེ་རྟིང་ཆ་པ་ཆོས་ཀྱི་སེང་གེ་ལ་དབུ་ཚད། བྱམས་ཆོས་སོགས་ལེགས་པར་གསན་པས་མཚན་ཉིད་ཀྱི་ཆོས་ལ་ཤིན་ཏུ་མཁས། སྟོན་པ་བཟང་བས་ཇོ་སྲས་གསུམ་གྱི་གཅིག་ཏུ་བྱེད། ཆ་པ་ལ་གསེར་གྱི་འགན་ཇི་ར་དང་། ཡུམ་རྒྱས་པ་སོགས་འབུལ་བ་དང་བསྙེན་བསྐུར་མང་པོས་མཉེས་པར་མཛད། དེ་རྟིང་དཔལ་ལྡན་ས་སྐྱར་མཁས་གྲུབ་ཀྱི་སྐྱེ་བོ་མཐའ་ཡས་པ་བསྡུས་ཏེ། སྔགས་མཚན་ཉིད་ཀྱི་འཆད་རྩོད་རྩོམ་གསུམ་དྲི་མ་མེད་པ་དང་། ཟབ་རྒྱས་
[A:29]ཀྱི་ཐུགས་དམ་ཟབ་མོས་ཉིན་མཚན་སྐད་ཅིག་ཀྱང་མི་གཡེལ་བའི་ངང་ནས་གདན་ས་ལོ་སུམ་ཅུ་མཛད་ཟེར་མཁན་ཡོད་ཀྱང་ཉེར་གསུམ་མཛད་ནས། དགུང་ལོ་ཞེ་གཅིག་པ་ཆུ་ཕོ་སྟག་གི་སྨལ་ཟླའི་ཚེས་བཅུ་གཅིག་ལ་དཔལ་ས་སྐྱར་ཞི་བར་གཤེགས་ཏེ། རྒྱས་པར་རྣམ་ཐར་ཆེན་མོ་རྣམས་སུ་བལྟའོ། །རྗེ་བཙུན་ཆེན་པོ་ནི། ལོ་འདིའི་རྗེས་ལ་འདི་མཛད་ལ་སོགས་པའི་རྒྱས་པ་ནི་རྣམ་ཐར་ཆེན་མོ་རྣམས་སུ་བལྟ་བར་བྱ་ལ། འདིར་ནི་མདོར་བསྡུས་ཏེ་དད་པ་དང་། ཚུལ་ཁྲིམས་དང་༑ ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ་དེ་ཡང་། དང་པོར་དཀར་ཆོས་མཐའ་དག་གི་རྩ་བ་དད་པ་ཕུན་སུམ་ཚོགས་པ་ནི། སྤྱིར་བླ་མ་དང་དཀོན་མཆོག་ལ་ཤིན་ཏུ་མོས་པས་སྐུ་ཚེ་རིལ་པོ་བླ་མ་རྣམས་ཀྱི་ཆེད་དུ་རྟེན་གསུམ་ཁྱད་པར་ཅན་བཞེངས་པ་དང་། དུས་མཆོད་འཛུགས་པ་དང་། མཆོད་པ་འབུལ་བ་དང་། ཐ་ན་རྟེན་གྱི་དྲུང་དུ་མཆོད་པ་བཤོམ་པ་ཚུན་ཆད་ལ་རྩལ་དུ་འདོན་ཞིང་། ཁྱད་པར་བླ་མ་ཡབ་སྲས་ལ་རྡོ་རྗེ་འཆང་