R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 13a
[B:13a]མཐའ་འཛིན་པར་ཁས་ཆེ་ཞིང་། ང་རྒྱལ་བྱས་ནས་ལྟ་བ་རང་རྒྱུད་པ་བྱེད་པ་དག་ནི་ལུགས་དང་མི་མཐུན་ནོ། །ནང་ན་རྟོགས་པ་ཁྱད་པར་ཅན་མངའ་བ་ལྟར། ཕྱི་རོལ་དུ་གྲུབ་པའི་རྟགས་བསྟན་པ་ཡང་། གཞན་དོན་མཛད་དུས་ཉིན་གཅིག་ལ་སྐུ་ལུས་དྲུག་སྤྲུལ་ཏེ། ས་སྐྱ། མངའ་རིས་མཆར་ཁ། ཟངས་གདོང་རུ་ཁྲོད་རྣམས་སུ་གདུལ་བྱ་མང་པོ་ལ་ལམ་འབྲས་གསུང་བ་གསུམ། གུང་ཐང་དུ་བླ་མ་མལ་གྱི་དྲུང་དུ་དྲིལ་བུ་ཆོས་སྐོར་གསན་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བ། འབྲིང་མཚམས་འབྲེན་ལྷ་ལྕམ་གྱི་ལྷ་ཁང་ལ་རབ་གནས་མཛད་པ་རྣམས་དུས་ཚོད་ཚེས་གྲངས་གཅིག་ལ་མཛད། སྐུ་གཤེགས་དུས་ཀྱང་སྐུའི་བཀོད་པ་བཞི་བསྟན་ཏེ། བདེ་བ་ཅན། གཅིག་པོ་ཏ་ལ། གཅིག་ཨུ་རྒྱན། གཅིག་གསེར་མདོག་ཅན་དུ་གཤེགས། པུར་བཞུ་དུས་ཀུན་གྱིས་ཀྱེ་རྡོར་ཞལ་བཞི་པར་མཐོང་། ལ་ལས་བརྒྱད་པར་མཐོང་བ་ཡང་བསྟན་པ་སོགས་གྲུབ་རྟགས་བསམ་
[A:27]གྱིས་མི་ཁྱབ་བོ། །གཞན་དོན་ལ་སྐུ་དངོས་ཀྱི་གདུལ་བྱ། བླ་མ་དགེ་ཆུ་བ་ལ་དབང་གསན་པའི་སྟ་གོན་གྱི་མནལ་ལམ་དང་མཐུན་པར། ཞང་སྟོན་མངའ་བརྙེས་ཆོས་འབར་གྱིས་གསུང་ངག་མཐའ་དག་རྫོགས་པའི་མཇུག་ཏུ་ལུང་བསྟན་མཛད་པ་བཞིན། ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན། རྟོགས་པ་དང་ལྡན་པ་བརྒྱ་ཕྲག མཁས་ཤིང་གྲུབ་པ་ཐོབ་པ་མཐའ་ཡས་པ་བྱུང་སྟེ། གསུམ་ནི་སིང་གྷ་ལའི་ཨ་ཙ་ར༑ བྱང་ཆུབ་སེམས་དཔའ་སྟག སྒོམ་པ་ཀྱི་འབར་རོ། །བདུན་ནི་རྗེ་བཙུན་པ། ཞུ་ཡས། ཤིང་དགའ་སྟོན་རྡོ་རྗེ་གྲགས། ནགས་སྒོ་བསོད་རྒྱལ། མཚར་ཁའི་རྣལ་འབྱོར་པ། སྒོམ་པ་འོད་ཟེར་གྲགས། ཨ་ཅེ་མང་ཆུང་མ་རྣམས་སོ། །ཕྱི་རབས་ཀྱི་གདུལ་