R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 12b
[B:12b]དགེ་བསྙེན་གྱི་སྐྱབས་འགྲོའི་བསླབ་བྱ་ལྷན་པ་སེར་པོ་ལ་ཡང་མི་འགོམ། བཙུན་ཆུང་རྣམས་རྡོ་སྒོར་རྒྱག་སར་བྱོན་ནས། ཚེ་དང་ལྡན་པ་བླ་གོས་གཅིག་བཞེས་ཅིག དགེ་བསྙེན་རྒད་པོ་གཅིག་འཚལ་བ་ཡིན་ནོ་གསུང་ཞིང་ལེགས་པར་གུས་པའི་ཕྱག་མཛད། གཞན་དེ་ལྟ་བུའི་མཛད་པ་བསྟན་པའི་མངའ་བདག་བསྟན་འཛིན་ཀུན་གྱི་བླ་མར་གྱུར་པ་སུས་ཀྱང་ཚུལ་དེ་ལྟ་བུ་རྨི་ལམ་དུའང་བསྒྲུབ་པར་མི་ནུས་སོ། །དེ་བཞིན་དུ་བྱང་སེམས་དང་། གསང་སྔགས་ཀྱི་སྡོམ་པ་འཁོར་དང་བཅས་པ་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་བླང་དོར་ཤིན་ཏུ་བྱ་དཀའ་བ་མཛད་པས་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་སོ། །ལྷག་པ་ཏིང་ངེ་འཛིན་ལ། སྤྱིར་མཉམ་རྗེས་ཀུན་ཏུ་ཞི་གནས་ཁྱད་པར་ཅན་གྱི་ཉམས་དང་མི་འབྲལ། ཁྱད་པར་རིམ་གཉིས་ཀྱི་རྣལ་འབྱོར་མཐར་སོན། ཡི་དམ་དང་བླ་མ་ཞི་བར་གཤེགས་པ་ཀུན་མནལ་ལམ་དང་མངོན་སུམ་ཅི་རིགས་པར་བྱོན་ནས་ཆོས་གསུང་། ཐེ་ཚོམ་གཅོད། ཡང་དགོས་རྣལ་འབྱོར་དབང་ཕྱུག་བིརྺ་པས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ལ་སོགས་རྒྱུད་ལུང་མན་ངག་
[A:26]མཐའ་ཡས་པ་དངོས་སུ་འདོམས་པར་མཛད། ལྷག་པ་ཤེས་རབ་ནི། གསུང་རབ་མཐའ་དག་གི་ཚིག་དང་དོན་ལ་ཆགས་ཐོགས་ཅུང་ཟད་ཀྱང་མི་མངའ་ཞིང་། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་མཐའ་དག་མྱུར་དུ་གཅོད་ནུས་པའི་ཡང་དག་པའི་ངེས་པ་བརྟན་པོ་དང་ལྡན་ཞིང་། ཆོས་གསུང་བ་ཐམས་ཅད་ཀྱང་ཐུགས་ནས་གསུང་། ཇི་ལྟ་ཇི་སྙེད་ལ་གཟིགས་པ་རྣམ་པར་དག ཁྱད་པར་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཀྱི་དབུ་མ་ཆེན་པོའི་ལྟ་བ་ཁྱད་པར་ཅན་མངའ་བར་བརྩམས་ཆོས་ལས་ཤེས་ཤིང་། དབོན་སྲས་འཇམ་དབྱངས་ཀྱི་རྣམ་འཕྲུལ། ཆོས་རྗེ་བླ་མ་དམ་པའི་བར་དུ་དེ་ལྟར་སྣང་བས་དིང་སང་ས་སྐྱ་པའི་གྲུབ་