R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 11b
[B:11b]ཕྱོགས་ལ་ཕྱག་མཛད་ནས་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་འབྱོན་པར་འདུག་གསུངས་པ་དང་མཐུན། བདུན་པོ་ནི། ས་ཆེན་ཡབ་སྲས་གསུམ༑ ཆོས་རྗེ་ཁུ་དབོན་གཉིས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་སྐུ་མཆེད་གཉིས་རྣམས་ལ་བྱེད། ཁ་ཅིག་ས་ཆེན་རང་མི་བགྲང་བར་ཏིཤྲཱི་ཀུན་བློ་བའང་འདུག་གོ །འཇམ་དབྱངས་གྲུབ་ནས་གསན་སྦྱོང་ལ་མདོའི་ཕྱོགས་ནི། རོང་ངུར་སྨྲིག་གི་བྲང་ཏི་དར་མ་སྙིང་པོ། དེའི་ཟུར་ཆོས་པ་བླ་ཆེན་མི་དིག བྱང་ཆད་ལ་ཁྱུང་རྣམས་ལས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པ་ཆོས་མངོན་པ་མཐའ་དག་གསན། ཉང་སྟོད་པ་ཁྱུང་རིན་ཆེན་གྲགས། གྲོམ་པ་གཡུ་རྩེ་བ་མེས་ལྷང་ཚེར་ལ་ཚད་མ་རྣམ་ངེས༑ རིགས་ཐིགས། ཆོས་མཆོག་ཆེ་ཆུང་། དབུ་མ་རང་རྒྱུད་ཤར་གསུམ་ལ་སོགས་པ་དབུ་ཚད་མ་ལུས་པ་གསན། གནམ་ཁའུ་པ་ལ་བྱམས་ཆོས། བསླབ་སྤྱོད། དཀོན་བརྩེགས། ཕལ་ཆེན་ལ་སོགས་པ་སྤྱོད་ཕྱོགས་མ་ལུས་པ་གསན༑ སྔགས་ཀྱི་ཕྱོགས་ལ། ཡབ་དང་འཁོན་དགེ་ཆུང་བ་ལ། ཕ་ཆོས་ཡང་ཕུར་བདེ་དགྱེས་རྒྱུད་གསུམ་ལ་སོགས་པ་མ་ལུས་པ་དང་། བླ་མ་གནམ་ཁའུ་པ་ལ་གསང་འདུས་ལུགས་གཉིས་འགྲེལ་པ་ཆ་ལག་དང་བཅས་པ་སོགས་དང་། བྱ་སྤྱོད་ཡོ་
[A:24]གའི་སྐོར་མ་ལུས་པ་གསན། མལ་ལོ་ཙཱ་བ་ལ་བདེ་མཆོག་གཙོ་བོར་བྱས་པའི་རྒྱུད་དང་མན་ངག་མཐའ་ཡས་པ་གསན། བ་རི་ལོ་ཙཱ་བ་ལ་ཡང་གསང་འདུས་དང་གཤིན་རྗེ་གཤེད་སྐོར། མཧཱ་མ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི་ལ་སོགས་པ་མཐའ་ཡས་པ་གསན་ཞིང་། རྒྱ་གར་ཤར་ནུབ་སོགས་ཀྱི་མཆོད་རྟེན་བྱིན་རླབས་ཅན་ཐམས་ཅད་ཀྱི་ས་སྣ་བསྡུས་ནས་ས་སྐྱའི་རྣམ་རྒྱལ་འབུམ་པར་གྲགས་པ་བཞེངས། སངས་རྒྱས་འོད་སྲུང་གི་སྐུ་གདུང་ལ་སོགས་པ་སྐུ་གདུང་རིང་སྲེལ་རྟེན་