R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 11a
[B:11a]ས་བསྐོ་བ་དང་༑ ཕྱི་རྟེན་རྩིག་པ་རྣམས་དུས་མཉམ་ན་གྲུབ་ན། དར་རྒྱས་ཕུན་སུམ་ཚོགས་པ་འབྱུང་ཞེས་ལུང་བསྟན་པ་བཞིན་དུ། ཡུམ་ན་རེ། ཐོགས་གཅིག་ལ་གདན་ས་གཞན་གཅིག་མ་བཙལ་ན། ཇོ་སྲས་ཀྱི་སློབ་གཉེར་ལ་གནོད་ཟེར་ནས། བ་རི་ལོ་ཙཱ་བ་གཡུ་མཁར་མོ་ན་བཞུགས་པ་གདན་དྲངས་ནས་གདན་སར་བསྐོ་བ་དང་། འཕྲང་བྲག་དམར་གཉིས་ཀྱིས་དགེ་འདུན་བསགས་ནས་ཆོས་འཁོར་བྱེད་པ། ཞལ་ཆེམས་དང་མཐུན་པའི་ཕྱི་རྟེན་བཞེངས་པ་རྣམས་ཉིན་གཅིག་ལ་བསྒྲུབས་པས་ཕུན་ཚོགས་ཀྱི་འགྲམ་ཐམས་ཅད་ཐིངས་སོ། །བླ་མ་འདི་ལ་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། གདུང་བརྒྱུད་ཐམས་ཅད་ཀྱི་ནང་ན་འདི་ཉིད་མཆོག་ཏུ་གྱུར་པར་བྱེད་པས་རྣམ་ཐར་རྒྱས་པ་གཞན་དུ་ཤེས་པར་བྱ་ལ། འདིར་མདོར་བསྡུ་ན། རང་དོན་དང་གཞན་དོན་གྱི་ཡོན་ཏན་ནོ། །དང་པོ་ལ་ལུང་དང་རྟོགས་པའོ། །ལུང་ལ་ཐུན་མོང་བ་ནི། གཞོན་ནུ་ཉིད་ནས་ཀློག་དང་ཡིག་རྩིས། བཟོ་དང་གསོ་སྤྱད། ལུགས་ཀྱི་བསྟན་བཅོས་སོགས་ལ་ཤིན་ཏུ་མཁས་པས་ཀུན་གྱིས་ཡ་མཚན་དུ་འཛིན་ནོ། །ཐུན་མོང་མ་ཡིན་པ་ནི། བ་རི་ལོ་ཙཱ་བའི་ཞལ་ནས་ཁྱེད་ཇོ་སྲས་ཀྱི་བྱ་བ་སློབ་གཉེར་བྱེད་དགོས། དེ་ལ་ཤེས་རབ་དགོས་དེའི་ལྷ་འཕགས་པ་འཇམ་དཔལ་ཡིན་པས་འཇམ་དབྱངས་ཨ་ར་པ་ཙ་ན་འདི་སྒྲུབས་གསུངས་ནས་རྗེས་གནང་མཛད། འཇམ་དབྱངས་བྲག་ཕུབ་
[A:23]ཏུ་སྒྲུབ་པ་ཟླ་དྲུག་མཛད་པས། ཞལ་མངོན་སུམ་དུ་གཟིགས་ནས། འཇམ་དབྱངས་ཀྱི་ཐུགས་ཁ་ནས་རལ་གྲི་བདུན་བརྒྱུད་གཅིག་བྱོན་པ་ཐུགས་ཁར་ཐིམ། དེ་བླ་མ་ལ་ཞུས་པས་ཁྱེད་ཀྱི་བརྒྱུད་པ་འདི་ལ་འཇམ་དབྱངས་བདུན་བརྒྱུད་གཅིག་འབྱོན་པར་འདུག་གསུངས། སྔོན་ཇོ་བོ་ཆེན་པོས་ཀྱང་། ས་སྐྱ་ཡོང་པའི་ཡུལ་