R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༣༣
[A:༦༣༣]དཀར་མེ་སྡོང་རྐང་བཅོ་བརྒྱད་རེའི་རྒྱུན་བཙུགས་པ་དེང་སང་ཡང་ནག་མེ་ལ་བརྟེན་པའི་ཕྱོགས་འདྲ་ཙམ་རེ་ཡོད་སྣང༌། སྔགས་འཆང་རིན་པོ་ཆེས་ངའི་བུར་འདི་གདོང་དགའ་བ་མི་རྩ་མ་ཆད་བར་དེ་ཕྱོགས་ལ་ཁ་ཐོད་ལ་ཞོག་ཅེས་ཞལ་ཆེམས་ལྟར་གདུང་རྟེན་དུས་བཞུགས་པ་ལྕགས་སྟག་ལོ་དུས་བབས་ཀྱིས་ཞུགས་འབུལ་དགོས་པ་འགྱངས་པས་མེ་རང་འབར་ལྟ་བུའི་རྐྱེན་གྱིས་གཙུག་ལག་ཁང་ལ་མེ་གཤོར་བྱུང་དུ་རྗེ་འདི་ཉིད་ཀྱི་གདུང་ཡང་མེས་བཞེས་མོད་དེ་ཡན་ཆོད་ཕྱོགས་དེའི་སྐྱེ་རྒུ་མཐའ་དག་གིས་ཤི་གསོན་གྱི་དགེ་བའི་ཕུད་གསེར་གདུང་ལ་འབུལ་ཞིང༌། འདར་བའི་བྱ་བ་གང་གི་ཚེའང་ཟན་རིལ་བསྒྲིལ་པ་ལ་ཡིད་གཏོད་པར་སྣང༌། མ་འགྱངས་པར་འདི་གནས་གསེར་སྒ་དངུལ་སྒ་ཆ་འགྲིག་ལེགས་པ་རེ་དང་གོས་ཡུག་ལྔ་རྟ་སོགས་ཀྱི་ཡོན་སྦྱར་ཞིང་གཙོ་བོར་གདན་ས་ནས་འཇམ་མགོན་ས་སྐྱ་པ་ཆེན་པོས་ཐུགས་ཁུར་བཞེས་ཏེ་དངུལ་གདུང་ཐོག་ཚད་མ་ཕྲ་རྒྱན་དང་བཅས་གྲུབ་པའི་ནང་དུ་བདག་ཆེན་རིན་པོ་ཆེས་གདུལ་ཚ་ཕྱག་དར་བ་མང་དུ་འཇུག་པ་གནང་བས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་ཡོད། གཞན་ཡང་ཐུབ་བསྟན་དགེ་འཕེལ་དང་གྲང་མོ་ཆེ་གཉིས་ཀར་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལ་གཞི་རྟེན་སྦྱར་བའི་མང་ཇ། ཟླ་བ་བདུན་པའི་དུས་ཆེན་ཐོག་ཚེས་བཅུ་གསུམ་ནས་ཞག་བཞིའི་བར་ཀྱེ་རྡོར་སྒྲུབ་མཆོད། དེ་ཞོར་དུ་གྲང་མོ་ཆེར་ཚེས་བཅུ་བཞི་ནས་ཞག་གསུམ་གྱི་བར་དམར་ཆེན་གཏོར་བཟློག་གནོད་སྦྱིན་ཡབ་ཡུམ། པུ་ཏྲ་མིང་སྲིང༌། བེག་རྩེ་ལྕམ་དྲལ། སྒོ་མ་བཞི། བྲན་བདུད། ནོར་བདག་ཡབ་ཡུམ་རྣམས་ཀྱི་འཆམས་སོགས་རྒྱས་པར་ཚུགས་པ་དེང་སང་གི་བར་དུ་མ་ནུབ་པར་གནས། གཞན་ཡང་སྡེ་པ་གནས་གསར་པ། ཁྲི་ཁང་པ། ཨོ་གཞི་བ་སོགས་སྦྱིན་