R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༢༣
[A:༦༢༣]རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །མཁས་དང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན། །འགྲན་ཟླ་ཀུན་བྲལ་དྲིན་ཅན་ཚར་པ་རྗེ། །རྣམ་ཐར་དྲན་ཞིང་སྙིང་ནས་གསོལ་བ་འདེབས། །ཞེས་མེ་ཏོག་འཐོར་བར་ཉེ་བའི་སྔོན་རོལ་ཏུ་རིན་པོ་ཆེ་བོད་མཁར་བའི་རྣམ་ཐར་ལས་རང་ལ་ཡོད་པའི་ཟང་ཟིང་གི་དངོས་པོ་རྣམས་ཀྱང་ཕུལ་བཀའ་ཆོས་འདྲ་ཡང་ཞུས། རྗེའི་ཞལ་ནས་ང་ལ་ཡང་དགྲ་འདྲ་ཡོད་པས་འདུལ་དགོས་པ་ཡོད་གསུང་ཡང་ན་སོ་རྒས་པས་མི་ཡོང་འདུག་པས་ངའི་དགྲ་ཁྱེད་སློབ་མ་རྣམས་ཀྱིས་འདུལ་དགོས་གསུང༌། ཧ་ཅང་དགྲ་ཚན་ཆེ་ཤོས་འཁོར་བར་སྒྱུར་མཁན་དུག་ལྔ་ཡིན་པས་འདི་འདུལ་བ་ཡིན་མོད་གསུང༌། ཡང་དུག་ལྔ་མེད་པ་བྱས་ན་ཡེ་ཤེས་ལྔའི་རྒྱུ་མི་ཡོང་འདུག་དེ་ཡང་མི་ཡོང་འདུག་གསུངས། བདག་ལ་ད་ཆོས་རྗེའི་དྲུང་དབུས་ལ་བྱོན་དབུས་སུ་དགོན་པ་ཆེ་ཆུང་གང་བྱུང་ཡང་ཞལ་བདག་མཛོད་གསུངས། དམ་ཚིག་དྲིལ་བུ་ཡང་འདི་འཁྲོལ་བར་མཛོད་གདུལ་བྱ་མང་པོ་ཡོང་སུན་པ་ཙམ་ཡོང་གསུངས་ཏེ་རྗེས་སུ་ཇི་ལྟར་གསུང་པ་བཞིན་བྱུང༌། ཞེས་གསུང་གི་ཐ་མ་ལྟ་བུའི་ལུང་བསྟན་སྩལ། ཤིང་བྱའི་ལོ་བོ་དོང་ཕུན་ཚོགས་རབ་བརྟན་དུ་བཞུགས་པའི་ཚེ་གཟིབས་ཆུང་གི་སྦུག་ཅིག་ནས་རྗེ་བཙུན་རྡོ་རིང་པའི་གསུང་འདྲ་རུང་བའི་གདངས་ལས་ལན་ཅིག་ཁུར་བསྐྱེད་ལ་སྡོད་དེ་ནས་ངས་འབོད་མི་བཏང་གིས་གསུང་བ་དངོས་སུ་གསལ་བར་བྱུང་བ་ནས་ལོ་གཉིས་སོང་བ་མེ་ཕོ་སྟག་གི་ལོ་ཐུགས་དམ་འོད་གསལ་ལ་ཁྱབ་བདག་ཀུན་སྤངས་ཆེན་པོ་ཕེབས་ནས་ཆོས་རྗེ་ཡར་བྱོན་གསུང་བརྡ་ཡང་ཡང་མཛད་པ་ན་ཐུགས་ངེས་པར་བྱུང་བའི་རྟགས་ཕྱིར་རོལ་སོགས་སུ་དུས་མ་ཡིན་པར་རླུང་ལྡང་བ། ས་གཡོ་བ། འཁྲུག་ལོང་སོགས་མི་དགེ་བའི་ལྟས་མང་དུ་ཤར། དེའི་ཚེ་ཐམས་ཅད་