R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༢༢
[A:༦༢༢]གསུང་ཡིན་མོད། དེ་ཙམ་རྒྱུ་མཚན་དུ་བྱས་ན་ཐུག་མེད་དུ་ཐལ་བས་འདིར་མ་བཀོད་དོ། །གཉིས་སྤངས་བླ་མའི་བརྡ་ཐབས་ལུང་བསྟན་བཞིན། །སོ་དཀར་རིགས་ཀྱི་ས་ལ་སྤྱོད་པའི་ཐར། །ཞབས་སེན་ཨཏྤལ་ཆུན་པོ་ཉེར་བཅིངས་ནས། །འདི་ཕྱིའི་མདུན་མ་བུ་བཞིན་ངང་གིས་མཛད། །མཐུ་སྟོབས་བརྒྱ་བྱིན་ཡན་ལག་རྣམ་བཞིའི་དཔུང༌། །བསོ་སྒྲར་བཅས་ཏེ་མཚོན་ཆར་ཕབ་པའི་མོད། །མི་སྲུན་ལྷ་མིན་སྡེ་རིགས་བསྒྲལ་བའི་གཡུལ། །རྔོམ་པས་གདོང་སྨད་མྱ་ངན་ཁང་བུར་བརྒྱལ། །ཀུན་ནས་ཡིད་དབང་དགའ་མས་འཁྲིད་པའི་གླང༌། །དད་བསྟན་པད་དཀར་རྫིང་བུ་འདམ་བཞིན་དུ། །བརྫི་ཡང་བཟང་རྫུའི་གསེར་སྦྱངས་རྒྱན་མཛེས་པ། །བཤེས་གཉེན་རིན་ཆེན་བདུན་གྱི་བགྲང་བྱར་མིན། །ར་གན་གསེར་ཆུས་བྱུགས་དང་ས་ལེ་སྦྲམ། །སོ་སོར་སྤྱོད་ལ་འཁྲུལ་མེད་མཁས་པའི་ཚོགས། །ཁྱོད་ཞལ་བདུད་རྩི་བཏུངས་པའི་རིང་ལུགས་མཐའ། །ནམ་མཁའི་སྐ་རགས་མ་དེས་གཞལ་ནུས་མིན། །རྣམ་དག་བརྗོད་པ་པིའུ་ཝང་ཡངས་པའི་ཁོག །དོན་གྱི་རྒྱུད་མང་འཁྲོལ་བའི་པུསྟ་ཀཿ །ཤེས་ལྡན་ཡིད་དབང་འགུགས་བྱེད་སྙན་པའི་སྒྲ། །སྐལ་བཟང་སྐྱེ་རྒུའི་རྣ་བར་གཅིག་ཏུ་འཇེབས། །གསོལ་འདེབས་ལས། ཞིང་འདིར་མ་ལུས་གདུལ་བྱའི་དོན་གྲུབ་ནས། །རྗེ་བཙུན་བཀའ་ཡི་ཕོ་ཉས་སྤྱན་དྲངས་ཏེ། །ཟབ་ཡངས་མཁའ་སྤྱོད་དག་པའི་ཞིང་ཁམས་སུ། །དགེ་མཚན་དང་བཅས་གཤེགས་ལ་གསོལ་བ་འདེབས། །འོད་གསལ་ནམ་མཁའི་དབྱིངས་ལས་བཞེངས་པའི་སྐུ། །སྐལ་བཟང་མཆོག་གི་ཐུགས་མཚོར་གསལ་བར་བསྟན། །གཞན་ཡང་རྩེ་གཅིག་དད་ལྡན་བཀའ་འབངས་རྣམས། །སླུ་མེད་དབྱིངས་ནས་བསྐྱངས་ལ་གསོལ་བ་འདེབས། །