R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༡༧
[A:༦༡༧]གྲངས་ཀྱི་མཐའ་ནི་བརྗོད་པའི་ཡུལ་ལྟ་ག་ལ་ཞིག །འོན་ཏེ་ཆེ་ལོང་རགས་རིམ་ཙམ་བརྗོད་ན། རང་བསྟན་ཁའུ་བྲག་རྫོང་པའི་ལུགས་སྲོལ་འཛིན་ངེས་ཀྱི་སྐྱེས་བུ་ནི། མཁྱེན་བརྩེ་ནུས་གསུམ་ཐམས་ཅད་ལ་འཇམ་དཔལ་རྡོ་རྗེ་མིའི་ཟློས་གར་ཅན་སྲས་ཀྱི་ཐུ་བོ་ཞ་ལུ་མཁན་ཆེན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་རྗེ་བཙུན་བོད་མཁར་བ་མཻ་ཏྲི་བྱམས་པ་དོན་གྲུབ་རྒྱལ་མཚན། ཉམས་དང་རྟོགས་པས་བདག་རྒྱུད་ཡོངས་སུ་གྲོལ་བས་ཐུགས་རྗེས་གཞན་རྗེས་སུ་འཛིན་པ་ལ་འགྲན་པའི་ཟླ་དང་བྲལ་བ་རྩེ་ཚོགས་མཁན་ཆེན་གཞོན་ནུ་བློ་གྲོས། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་མི་འཇིགས་པའི་སྤོབས་པ་རྣམ་པར་དགེ་བ་ངམ་རིང་མཁན་ཆེན་བྱམས་པ་བློ་གྲོས་རྣམ་རྒྱལ། དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བས་གནས་ལྔ་རིག་པ་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་མཁས་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་མཉན་ཡོད་བྱ་གཤོང་མཁན་ཆེན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། ལུང་དང་རྟོགས་པའི་ཡོན་ཏན་གྱི་ནོར་བུས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་བསྟན་པའི་སྲོག་ཤིང་བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན། མཐུ་སྟོབས་ནུས་པ་རྭ་ལོ་གཉིས་པ་ལྟ་བུ་སྔགས་འཆང་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆོས་འཁོར་ཡང་རྩེའི་མཁན་ཆེན་བསོད་ནམས་ཆོས་འཕེལ། ཟབ་དོན་སྙན་བརྒྱུད་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང་མཁན་ཆེན་ཐམས་ཅད་མཁྱེན་པའི་དངོས་ཀྱི་གདན་ས་པ་ཆོས་དབང་རིན་ཆེན་དཔལ་གྱི་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེའི་ཆོས་ཀྱི་ཁྲི་ལ་མངོན་པར་མཛེགས་པ་མཁན་བྱམས་པ་རབ་བརྟན། ཟབ་