R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༡༡ན - ༡༢ན
[A:༡༡ན - ༡༢ན]༄༅། །སྨན་གྱི་བརྒྱུད་བཞིར་གྲགས་པ་ལ་སོགས་པ་གཞུང་དང་མན་ངག་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པར་ཐུགས་ནས་གསུངས་པ་ལ་ཐོགས་པ་མེད། ནད་པའི་དཔུང་ཚོགས་མང་པོ་གསོ་བའི་ཕྱག་ལེན་ལ་འདེབས་པ་སོགས་ཐུགས་རྗེ་ཤིན་ཏུ་ཆེ། མུས་ཆེན་སེམས་པ་ཆེན་པོ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ལ། མེ་དགྱེས་གསང་གསུམ་གྱིས་ཐོག་དྲངས་ཡབ་མེས་ཀྱི་ཆོས་ལུགས་རྒྱུད་གསུམ། ལམ་འབྲས་གུ་སོགས་ཀྱི་མན་ངག་ཕྲ་ཞིབ། ལུང་རྗེས་གནང། བཤད་བཀའ། ཕྱག་ལེན་ལ་སོགས་པ་གསན་ཞིང་བདེ་ཀླག་ཏུ་ཐུགས་སུ་ཆུད་པས། བླ་མ་འདི་སངས་རྒྱས་སུ་གཟིགས་པའི་མོས་གུས་དང། ནང་དུ་ཏིང་ངེ་འཛིན་ཚད་མེད་འཁྲུངས་པའི་རྟོགས་པ་དང། མདོ་བརྒྱུད་མན་ངག། བསྟན་བཅོས་གང་གསུངས་ཀྱང་ཐུགས་རྟོག་ནས་ཉིན་རངས་པར་གསུངས་བ་ལ་འཐོགས་མེད་པར་མངའ་བས། གུང་ལོ་ཞེ་བརྒྱད་པ་ལ། དཔལ་ན་ལེཎྜའི་ཚོགས་ཆེན་མོར། སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་སྟོང་ལྷག་གི་དབུས་སུ་ཆོས་གསུངས་པའི་ཚེ། མཁས་པ་ཐམས་ཅད་ཀྱི་ང་རྒྱལ་བཅོག་ཅིང། པ་འཕྲོག་པར་མཛད། འདི་འཕགས་པའི་སྤྲུལ་པ་ཡིན་ངེས་ཞེས་ཀུན་གྱི་མཐུན་པར་སྨྲས། ཏིང་ངེ་འཛིན་ལ་བཅུད་མཉམ་པར་བཞག་པ་ན། བདེ་བ་ཅན་སོགས་དག་པའི་ཞིང་ཁམས་གཟིགས་པ་དང། ཕྱི་ནང་གི་རྟེན་འབྲེལ་ཐགས་སུ་ཆུད་པས་མ་འོངས་པའི་ལུང་སྟོན་པ་ལ་ཐོགས་པ་མེད། དཔེར་ན། ན་ལེཎྡ་ཚོགས་སྤྱི་པས་གདན་ས་སུ་འོས་ཀྱི་འདེམ་མང་པོ་ཞུ་བ་ལ། ས་སྐྱར་བྱོན་ནས་སོ་སོའི་ཞེ་འདོད་འོས་རིགས་ཞུས་པའི་ཚེ། ཞྭ་ལུ་རི་ཕུག་ན། སྐུ་ཞང་ཆོས་རྗེ་བཞུགས་པ་སྤྱན་དྲོངས། རྟེན་འབྲེལ་ཕུན་གསུམ་ཚོགས་པ་དང་བསྟན་པ་ལ་འགྲོ་ཕན་རྒྱ་ཆེན་པོ་འོངས་བ་ཞེས་བཀའ་བསྩལ་པ་ལྟར། མཁྲུམ་ཆེན་པོ་ཆོས་ཀྱི་རྗེ་རིན་པོ་ཆེ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོ། ཀུན་མཁྱེན་རོང་སྟོན་ཆེན་པོའི་གདན་སར་ལྕགས་མོ་ཕག་ལ་ཕེབས་ནས་དེང་སང་གི་བར་དུ་འདས་ ཆོས་ཀྱི་འཁོར་ལོ་བསྐོར་བས་སྡེ་སྣོད་འཛིན་པ་སྟོང་ཕྲག་དང།། གཞན་ཡང་དགེ་འདུན་མཐའ་ཡས་པ་འདུ་ཞིང་བསྟན་པ་དང་འགྲོ་ཕན་ཆེན་པོ་བྱུང་བ་འདི་ཡིན། གནང་བདེད་ཆེན་པོ་འདིའི་རྟོགས་པ་ནང་ནས་རྡོལ་བ་ངེས་དོན་གྱི་དགོངས་པ་རང་དབང་དུ་འཆར་བ་གཅིག་ཡིན། བཞི་ཐོགས་པ་རྗེ་བཙུན་ཀུན་དགའ་དབང་ཕྱུག་ཨེ་ཝམ་ཆོས་ལྡན་གྱི་གདན་ས་པ་ཀུན་དགའ་དབང་ཕྱུག། ཆོས་རྗེས་སངས་རྒྱས་དཔལ་བ་མཁས་པ་ཆེན་པོ་དཔལ་རྒྱལ་བ་ལ་སོགས་པའི་དབང་དང་གདམས་པ་མངའ། བཞི་ཐོག་གི་གོ་སར་བཞུགས་ནས། བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེར་མཛད་ནས། གུང་ལོ་ང་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དགུ་པའི་ཚེས་བཞི་ལ་མེ་ཏོག་གི་ཆར། ལྷའི་རོལ་མོའི་སྒྲ། དྲི་ཞིམ་པོའི་ལྟས་ངོ་མཚར་དང་བཅས་ཏེ། བཞི་ཐོག་བླ་བྲང་དུ་བདེ་བར་གཤེགས་སོ། སློབ་དཔོན་ཆེན་པོ་མཐུ་སྟོབས་བསོད་ནམས་རྒྱལ་མཚན་པ་ལ་སྲས་