R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༡༠བ - ༡༡བ
[A:༡༠བ - ༡༡བ]འཛིན་དུ་མ་བསྟེན། རྣམ་འགྲེལ་ལ་མཁས་པར་སྦྱངས་ཏེ་མཁྱེན། གདན་ས་ཆེན་པོར་ཆེ་འདོན་མཛད་ཆོས་ཁྲི་ཐང་དུ་ཆོས་གསུངས། ཆོས་སྐྱོང་བྲན་དུ་བསྐོལ་བ་སོགས་མཐུ་ནུས་ཆེ་གུང་ལོ་དོན་ལྔ་པ་ཆུ་ཕོ་འབྲུག་ལོ་ལ་བཞི་ཐོགས་སུ་གཤེགས། དེའི་གཅུང་སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་བདག་པོ་མཐུ་སྟོབས་པར་གྲགས་པ། ས་ཕོ་བྱི་བ་ལ་འཁྲུངས། ཆོས་སྐྱོང་ཆེ་ཆུང་འཁོར་བཅས་དང། རྡོ་རྗེ་འཇིགས་བྱེད་སོགས་ལ་བསྙེན་བསྒྲུབ་ཡུན་རིང་དུ་མཛད་པས་མཐུ་ནུས་བསམ་གྱི་མི་ཁྱབ་པའི་ཡོན་ཏན་མངའ་བས་བདག་པོ་མཐུ་སྟོབས་པར་གྲགས། མདོ་ཁམས་དུ་ཕེབས་ཐམས་ཅད་དད་པར་མཛད། གུང་ལོ་ཞེ་གསུམ་པ་ལྕགས་ཕོ་རྟ་ལ་མདོ་ཁམས་སུ་གཤེགས། སློབ་དཔོན་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པ་ལ་སྲས་གཉིས་འཁྲུངས་པའི་གཅེན་བདེད་ཆེན་རྒྱ་གར་ཤེབ་རྒྱལ་མཚན་དཔལ་བཟང་པོ་མེ་ཕོ་འབྲུག་ལ་འཁྲུངས། སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་གསུམ་ཚོགས་པ། འཇམ་དབྱངས་དཀོན་མཆོག་བཟང་པོ་སོགས་བཤེས་གཉེན་མང་དུ་བསྟེན། ཡབ་ཆོས་ཀྱིས་ཐོག་དྲངས་ཆོས་ཚུལ་རྣམས་ལས་སྦྱངས་པ་མཛད། སྐམ་སར་ཆུ་འདོན་པ་སོགས་གྲུབ་པའི་རྟགས་མང་དུ་མངའ། བར་སྐབས་སུ་མདོ་ཁམས་སུ་ཕེབས། ཚོགས་ཆོས་རྒྱ་ཆེན་པོ་བསྐོར། ཟང་ཟིང་གི་འབུལ་བ་དཔག་ཏུ་མེད་པ་བྱུང། དབུས་གཙང་དུ་བྱོན་པའི་ལམ། དཔལ་ན་ལེཎྡ་ན་ལེཎྜའི་གདན་སར་བཞུགས་པའི་གསོལ་བ་བཏབ་པས་ཆུ་ཕོ་རྟ་ཉི་སུ་རྩ་བདུན་པ་ནས་ཤིང་མོ་བྱའི་བར་ལོ་ངོ་བཞི་བཞུགས། དེ་ནས་གདན་ས་ཆེན་པོར་བཞི་ཐོག་གི་གདན་ས་ལ་བཞུགས་ཏེ། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། ང་དགུ་པ་ཤིང་ཕོ་སྟག་ལ་ཤབ་དགེ་རྡིངས་སུ་གཤེགས། དེའི་གཅུང་བདེད་ཆེན་པོ་འཇམ་དཔལ་དབྱངས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཤིང་ཕོ་བྱི་བ་ལ་འཁྲུངས། ཡིག་ཀྱོག་ལ་སོགས་པ་བརྡ་བསྟན་པས་ཐུགས་སུ་ཆུད། ཆོས་ཀྱི་བག་ཆགས་སད་པས་གཞོན་ནུ་ནས་ལུང་རིགས་དང། ཏིང་ངེ་འཛིན་མང་པོ་ཐུགས་རྒྱུད་ལ་འཁྲུངས། འཇམ་དཔལ་དཀོན་མཆོག་བཟང་པོ་ལ་རྣམ་འགྲེལ་སོགས་སྡེ་སྣོད་མང་པོ་གསན་སྦྱོང་མཛད་པས་ཚེགས་མེད་པར་མཁྱེན། སྐྱེས་སྟོབས་ཀྱི་བློ་གྲོས་ཤིན་ཏུ་ཆེ་བ། ཉིད་ཀྱི་ཡབ་ལ་ཆོས་རྣམས་གསན། ཆོས་སྐྱོང་ཆེ་ཆུང་གི་ཞལ་བསྟན་བཀའ་སྒོ་ཉན་པས་བྲན་དུ་འཁོལ། ཞལ་གཟིགས་ཀྱི་ཐང་སྐུ་སོ་སོར་མང་དུ་བཞེངས། ནམ་བཞེངས་པ་རྣམས་ཆོས་སྐྱོང་གྲུང་རེ་འདུན་དུ་བསོ་བའི་ཚེ་མངོན་སུམ་དུ་བྱོན་ནས། མིས་ལབ་པ་བཞིན་ལུང་སྟོན་པར་བྱེད། ཉང་སྟོང་རྒྱལ་འཁར་རྩེའི་བདག་པོ་ཡབ་སྲས་ཀྱི་འཛུགས་གཏོར་ཞུས་པས། ལོ་གསུམ་གྱི་བར་དུ་གཏོར་མ་ཅེས་འཕྲལ་གཞན་དུ་གནས་པ་མ་གཏོགས། སྐེམ་གས་ཅུང་ཟད་ཀྱང་མེད་པར་གྲགས། བཟོ་རིགས་སྐུ་གཞོན་ནུ་ནས་མཁྱེན། མགོན་པོ་ལྕམ་དྲལ་གྱི་སྐུ་སོགས་ཕྱག་གིས་བཞེངས་པ་མཛད། གསོ་བ་རིག་འི་ཚུལ་ཀྱང་ཡན་ལག་བརྒྱད་པ་དང།