R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༡༡བ - ༡༢བ
[A:༡༡བ - ༡༢བ]གཅིག་འཁྲུངས་པ་ནི། བདག་པོ་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་པ་ཆུ་མོ་གླང་ལ་མདོ་ཁམས་སུ་འཁྲུངས། གདན་ས་ཆེན་མོར་གསེར་དངུལ། ཇ་གོས་དར་ལ་སོགས་པས། ཚོགས་ཆེན་མོར་དགེ་འདུན་དང། སྐྱེ་བོའི་ཚོགས་ཚད་མེད་པ་ལ་བསྙེན་བསྐུར་འབུལ་བ་བསམ་གྱི་མི་ཁྱབ་པ་མཛད་དེ། གུང་ལོ་ཞེ་གཉིས་པ་ཤིང་ཕོ་རྟའི་ལོ་ལ་མདོ་ཁམས་སུ་གཤེགས། དེ་རྣམས་རིན་ཆེན་སྒང་གི་གདུང་རབས་སོ།། །།དཔལ་ལྡན་ས་སྐྱ་པའི་གདན་རབས་ནི་ཆུ་མོ་གླང་ནས་བརྩམས་ཏེ་ཆུ་ཕོ་རྟའི་བར་ལོ་གསུམ་བཅུ་འཁོན་དཀོན་མཆོག་རྒྱལ་པོས་གདན་ས་མཛད། ཆུ་མོ་ལུག་ནས་ལྕགས་པོ་སྟག་གི་བར་ལོ་བརྒྱད་བ་རི་ལོ་ཙཱ་བས་མཛད། ལྕགས་མོ་ཡོས་ནས་ས་ཕོ་སྟག་གི་བར་ཞེ་བརྒྱད་ས་ཆེན་གྱིས། ས་མོ་ཡོས་ནས་ཤིང་མོ་ཕག་གི་བར་ལྔ་བཅུ་རྩ་བདུན་རྗེ་བཙུན་ཆེན་པོ་གྲགས་པས། མེ་མོ་བྱི་བ་ནས་ཆུ་མོ་ཡོས་ཀྱི་བར་ཉི་ཤུ་རྩ་བརྒྱད་ཆོས་རྗེ་ས་སྐྱ་པཎྜི་ཏས། ཤིང་མོ་འབྲུག་ནས་ཤིང་ཕོ་བྱི་བའི་བར་ཉི་ཤུ་རྩ་གཅིག་དཀར་ཤཀྱ་གྲགས་ཀྱིས། ཤིང་མོ་གླང་དང་མེ་ཕོ་སྟག་གཉིས་འཕགས་པ་རིན་པོ་ཆེས། མེ་མོ་ཡོས་ནས་ཤིང་མོ་ཕག་གི་བར་ལོ་བཅུ་དགུ་གཅུང་སློབ་དཔོན་རིན་ཆེན་རྒྱལ་མཚན་གྱིས། མེ་ཕོ་བྱི་བ་ནས་ལྕགས་ཕོ་འབྲུག་གི་བར་ལོ་ལྔ་འཕགས་པ་རིན་པོ་ཆེས། ལྕགས་མོ་སྦྲུལ་ནས་མེ་མོ་ཕག་གི་བར་ལོ་བདུན་དྷར་རྨ་པཱ་ལ་རཀྵི་ཏས། ས་ཕོ་བྱི་བ་ནས་མེ་མོ་བྱི་བའི་བར་ལོ་བཅུ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས། ས་ཕོ་ཁྱི་ནས་བརྩམས་ཏེ་ཤིང་ཕོ་བྱི་བ་བར་ལོ་ཉི་ཤུ་རྩ་བདུན་བླ་མ་བདེད་ཆེན་པོ་བཟང་པོ་དཔལ་གྱིས། དེ་རྣམས་ནི་དཔལ་ལྡན་ས་སྐྱ་སྤྱི་ལ་དབང་མཛད་པའི་གདན་རབས་བཅུ་གཅིག་ཞེས་བྱ་ཏེ། གདུང་བརྒྱུད་བརྒྱད། གདུང་བརྒྱུད་ཀྱིས་མ་ཁེབ་པའི་བར་གྱིི་གདན་ས་གསུམ་ཏེ་བཅུ་གཅིག་གོ། དེ་དག་སྤྱིར་བསྡོམས་པ་ལ་ལོ་ཉི་བརྒྱ་དང་ལྔ་བཅུ་རྩ་གཉིས་ཡོད་དོ། ཏ་ཤྲཱིའི་གདན་རབས་ནི། ཕོ་བྲང་ཏ་ཏུའི་ནང་གི་མེ་ཏོག་ར་བ་ཞེས་པའི་ཆོས་སྡེ་ཆེན་པོ་བླ་མ་འཕགས་པས་བཏབ་པའི་གདན་ས་ཏི་ཤྲཱིས་བཟུང་བ་ལ་འཕགས་པ་འབྲུག་ལ་གཤེགས་པའི་འཚཽར་གྲུབ་ནས། ད་ལོ་ཟླ་བ་བཅུ་གཉིས་པ་ལ་དྷརྨ་པཱ་ལ་རཀྵི་ཏ་གདན་དྲངས་གདན་ས་ལོ་ལྔ། ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱིས་བྱི་བ་གླང་སྟག་གསུམ་ལ་ཏི་ཤྲཱི། ཁང་གསར་བ་ཏི་ཤྲཱི་གྲགས་འོད་ཀྱི་ལོ་བཅུ་གཉིས་ཏི་ཤྲཱི་ཤར་བ་འཇམ་དབྱངས་རིན་ཆེན་རྒྱན་མཚན་པས་ཡོས་འབྲུག་གཉིས་ཀྱི་ཏི་ཤྲཱི་ཁང་གསར་བ་ཏི་ཤྲཱི་ས་སྐྱ་དཔལ་གྱི་ལོ་ལྔ་ཏི་ཤྲཱི་མདོ་སྨད་པ་ཏི་ཤྲཱི་རིན་ཆེན་གྲགས་ཀྱི་ལོ་གསུམ་ཏི་ཤྲཱི། ཏི་ཤྲཱི་ཀུན་བློ་གྲོས་ལོ་བཅུ་དྲུག་ཏི་ཤྲཱི། ཏི་ཤྲཱི་ཀུན་དགའ་ལེགས་འབྱུང་གིས་ལོ་གསུམ་ཏི་ཤྲཱི་ལྕགས་མོ་ལུག་ལ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་གདན་དྲངས་ནས་ལོ་ཉི་ཤུ་རྩ་བདུན་ཏེ་ཤྲཱི་མཛད། དེ་ནས་བླ་ཆེན་བསོད་བློ་བས་ཏི་ཤྲཱི་ཟླ་བ་དྲུག་མཛད། དཔལ་ལྡན་ས་སྐྱ་པའི་བླ་བྲང་ལ་གདུང་བརྒྱུད་བཞུགས་པའི་བླ་བྲང་བཅོ་བརྒྱད། བརྒྱ་མཚོ་དཔོན་གྱི་བླ་བྲང་བཅུ་གསུམ་