R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༨བ - ༩བ
[A:༨བ - ༩བ]གསུངས་པས། དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མང་པོས་ཡ་མཚན་དུ་གྱུར། གུང་ལོ་བཅུ་བདུན་པ་ལ། མཁན་ཆེན་བསོད་ནམས་གྲགས་པས་མཁན་པོ་མཛད། བླ་མ་དཔལ་ལྡན་སེང་གེས་སློབ་དཔོན་མཛད་རབ་ཏུ་བྱུང། མཚན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། གུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་དང། བླ་མ་རིན་ཆེན་དཔལ་བཟང་པོས་གསང་སྟོན་མཛད་དེ། བོ་དོང་བྱ་རྒོད་བཤོངས་སུ་བསྙེན་རྫོགས་མཛད། ཕྱི་དྲོའི་ཟས་དང་ཤ་ཆང་ཞལ་ལ་མི་རེག། ཉེས་ལྟུང་ཕྲ་མོོས་ཀྱང་མ་གོས་པར་མཛད། གུང་ལོ་བཅུ་གཅིག་ལ་དཔལ་ལྡན་སེང་གེ་ལ་རྣམ་འགྲེལ་གྱི་གསན་སྦྱོང་མཛད་ཅིང། གཞན་ཡང་སྔ་ཕྱིར་སྔར་གྱི་མཁན་སློབ་རྣམས་དང། ཏི་ཤྲི་ཀུན་བློ། ཏི་ཤྲི་ཀུན་དགའ་རྒྱལ་མཚན། ཏ་དབེན་ཀུན་དགའ་ཉི་མ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། བླ་མ་བཟང་པོ་པ། བྲག་ཁ་བ་གྲགས་སེང་གེ། རྒྱལ་བ་བྲག་སྟོན་པ་ཆོས་དཔལ་བཟང་པོ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། གན་པ་རིན་རྒྱལ། བུ་སྟོན་ཁ་ཆེ། རྒྱལ་སྲས་ཐོགས་མེད། ལོ་ཆེན་བྱང་རྩེ། མཁན་ཆེན་གཞོན་ནུ་མགོན། ས་དཀར་བ་དཀོན་མཆོག་དཔལ་སོགས་མཁས་གྲུབ་ཀྱི་བླ་མ་ཁྱད་པར་བ་མང་དུ་བསྟེན། བོད་དུ་འགྱུར་བའི་ཐེག་པ་ཐོ་དམན་གྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཕལ་ཆེ་བ་གསན་ཞིང་ཐུགས་སུ་མཆུད་པར་མཛད། གུང་ལོ་སོ་གསུམ་པ་ལ་གོང་མའི་ལུང་གི་བཞི་ཐོག་གདན་སར་བཞུགས་ནས་ཐུབ་བའི་རྒྱལ་ཚབ་མཛད་དེ། དད་པ་ཅན་ཐམས་ཅད་ཐར་པའི་ལམ་ལ་བཀོད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང། ནང་དུ་རྣལ་འབྱོར་ཟབ་མོོས་དུས་འདའ་བར་མཛད། གུང་ལོ་བཅུ་དགུ་པ་ནས་རྟག་གཉིས་འགྲེལ་ཆེན་རྩོམས་པ་དང། དུས་འཁོར་རྒྱུད་འགྲེལ་ཆེན་མོའི་རྣམ་བཤད་རྩོམས་པ་སོགས་རྒྱུད་འགྲེལ་མང་བ་དང། རྣམ་འགྲེལ་གྱི་ཊི་ཀ་སོགས་རྟོག་གེའི་ཡིག་ཆ་དང། ཀཱ་ལཱ་པའི་འགྲེལ་བ་སོགས་མཛད་ཅིང། སྒྲ་དང། སྙན་ངག། རྩིས་དང། སྡེབ་སྦྱོར། མིང་གི་མངོན་རྗོད། བཟོ་རིགས་པ་རྣམས་ཅིས་ཕྱིན་པར་མཁྱེན། གསོ་བ་རིག་པ་རྣམས་ལ་ཤིན་ཏུ་མཁས་པས་ན་ལུགས་ཞུས་པ་ཙམ་གྱི་ནར་གྱི་རྒྱུ་རྐྱེན། ངོ་བོ། དབྱེ་བ་ལ་སོགས་པ་ལེགས་པར་དགོངས་ནས། སྨན་དང་སྤྱད་ལ་སོགས་པ་དེ་དག་གསང་བའི་ཆོ་ག་ཕྱག་ལེན་ཐེབས་པར་མཛད། དེ་རྣམས་ཀྱི་ཐུགས་རྩོམ་སྒྲུབ་ཐབས། དཀྱིལ་ཆོག། ཁྲིད་ཡིག་སོགས་བསྔོ་བ་དང་བཀྲ་ཤིས་ཀྱིས་མཐའ་བརྟེན་པའི་བཀའ་འབུམ་པོ་ཏི་ཤིན་ཏུ་མང་བ་བཞུགས། འཆད་པའི་ཚེ་མགྲིན་པ་ལོང་སྤྱོད་ཀྱི་རྩ་ཁ་བྱེ་བའི་འཆད་ལུགས་མངའ། སྒྲ་ཚད་ལ་མཁས་པའི་རྒོལ་བའི་སྤོབས་པ་འཕྲོག་པའི་རྩོད་པ་