R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༨ན - ༩ན
[A:༨ན - ༩ན]༄༅། །གཞོན་ནུ་འབུམ་ལ་སྲས་གསུམ་འཁྲུངས་པའི་གཅེན་རྟ་དབེན་ཀུན་དགའ་ཉི་མ་གཞོན་ནུ་ནས་ཡབ་ཆོས་རྣམས་ཐུགས་སུ་ཆུད། རིན་ཆེན་སྒང་གི་འཕགས་པའི་ཆོས་ཁྲི་ནས་ཆོས་གསུངས། གོང་ནས་གདན་དྲངས་སྟེ་བྱོན་གུ་ཤྲིའི་མཚན་གསོལ། ཤེལ་དམ་ཆེ་བ་ཐོགས་ཤུགས་དང་བཅས་པ་གནང། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། ཆུ་ཕོ་ཁྱི་ལ་ཕོ་བྲང་ཆེན་པོར་གཤེགས། དེའི་གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་ནི། ལྕགས་ཕོ་ཁྱི་ལ་འཁྲུངས། ཏ་ཤྲི་ཀུན་དགའ་རྒྱལ་མཚན་དང་གུང་རྟ་གཅིག། སྐྱེ་བ་བདུན་པའི་མཚན་ཉིད་མངའ། གཞོན་ནུ་ནས་ཡོན་ཏན་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། བཀའ་རབ་འཇམ་དབྱངས་ལ་དབང་བསྒྱུར། མཁན་ཆེན་བསོད་ནམས་ཤཀྱ་པ། བླ་མ་དཔལ་ལྡན་སེང་གེ། དཔང་ལོ་ཙཱ་བ། བྲག་ཁ་པ་གྲགས་པ་སེང་གེ། ཆོས་རྗེ་བྲག་ཕུག་པ། རྒྱལ་སྲས་ཐོགས་མེད་པ། བླ་མ་བཟང་པོ་སོགས་ལ་མངའ་བའི་སེམས་སྐྱེད། དབང་ཁྲིད། ལུང་མན་ངག་དང་བཅས་པ་གསན་ནས་ཐོས་བསམས་མཐར་ཕྱིན། འཆད་རྩོད་རྩོམ་གསུམ་གྱི་དུས་མངའ། བླ་མ་མཁས་བཙུན་ནམ་མཁའ་ལེགས་པས་ཞལ་ལྟ་གནང་ནས་འཚོགས་ཆོས་ཆེན་པོ་རྣམ་འགྲེལ་རིག་གཏེར་མངོན་པ་གོང་འོག་མདོ་སྡེ་རྒྱན། སྤྱོད་འཇུག། ཐུབ་པ་དགོངས་གསལ་ཏེ། ཆོས་ཐུན་བདུན་བདུན་གསུངས། དུང་ཐེབས་བདུན་བདུན་བྱུང། གཞན་ཡང་གང་ལ་གང་འོས་པའི་ཆོས་གསུངས་ནས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་གསལ་བ་མཛད། ཕྱག་རྫས་ཀྱི་དངོས་པོ་རྣམས་ཀྱང་དགེ་འདུན་གྱི་སྡེ་འཛུགས་པ། སེམས་ཅན་དབུལ་ཕོངས་ལ་སྦྱིན་གཏོང་རྒྱ་ཆེན། བསྟན་བཅོས་བོད་དུ་འགྱུར་རོ་ཅོག་བཞེངས་པ་སོགས་མཛད། རྒྱལ་པོ་ཆེན་པོས་ཏ་དབེན་གུ་ཤྲིའི་མཚན་ཤེལ་དམ་ཐོག་ཤུགས་དང་བཅས་པ་གནང། བསྟན་པའི་མངའ་བདག་ཏུ་གྱུར། བླ་མ་འདི་གདུལ་བྱ་དག་པ་འགས་འཇམ་དབྱངས་སེང་གེ་ལ་ཆིབས་པར་མཐོང། སོ་ལྔ་པ་ཤིང་ཕོ་སྤྲེའུ་ཡི་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ལ་རིན་ཆེན་སྒང་བླ་བྲང་གོང་མར་ཞི་བར་གཤེགས། བླ་མ་དེའི་གཅུང་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་གུང་ལོ་ང་གཅིག་པ་ཆུ་ཕོ་བྱི་བའི་ལོ་ལ་ཞ་ལུ་ཁང་གསར་དུ་འཁྲུངས། གུ་ཤྲི་ནམ་མཁའ་རྒྱལ་མཚན་དང་གུང་རྟ་གཅིག། ལྷུམས་སུ་འཇུགས་པའི་དུས། ཡུམ་གྱི་རྨི་ལམ་དུ་ཉི་མའི་དཀྱིལ་འཁོར་ལྟོ་བར་ཞུགས་པ་དང། གཡས་སུ་གཙང་པོ་ཐུངས་པའི་རྨིས། ལོ་དེའི་ས་ག་ཟླ་བའི་ཚེས་ལྔ་ལ་སྔ་དྲོའི་ཆ་ལ་བལྟམས། ཡུམ་གྱི་རྨི་ལམ་དང་བཏུན་ནས་ཉི་མ་བདེ་བའི་བློ་གྲོས་ཞེས་མཚན་གསོལ། ཀྱོག་མའི་ཚིགས་ལ་ཐོགས་པ་སྲ་བསྟན་པས་ཐོགས་མེད་དུ་མཁྱེན། གུང་ལོ་བརྒྱད་པ་ལ་རྟག་གཉིས་བཤད་ལུགས་དུ་མ་དང་བཅས་པ་