R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༧བ - ༨བ
[A:༧བ - ༨བ]དེ་ལ་སྲས་གསུམ་གྱི་ཆེ་བ་སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་བྱི་བ་ལོ་ལ་འཁྲུངས། ཆོས་རྗེས་བླ་མ་བླ་ཆེན་བསོད་བློ། བདག་པོ་ཀུན་རིན་པ། མ་ཏི་པཎ་ཆེན། བླ་མ་མཉམ་མེད་པ་སོགས་ལ་ཡབ་ཆོས་གསན་ཞིང་སྦྱངས། ཚོགས་ཆེན་མོར་ཆོས་དུང་གཏང་བའི་ཆོས་གསུངས། ཆོས་རྗེ་བླ་མས་རིན་ཆེན་སྒང་གི་གདན་ས་ལ་བསྐོས། གོང་ནས་ཏ་དབེན་གུ་ཤྲིའི་ཤེལ་དམ་ཆེན་མོ་ཐོག་ཤུགས་དང་བཅས་པ་རྣམས་གནང། བསྟན་པའི་བྱ་བ་རྒྱ་ཆེར་མཛད། དེའི་གཅུང་དབང་རྣམས་སྲས་རྒྱལ་མཚན་དཔལ་བཟང་པོ་ནི་བྱི་བ་ལོ་ལ་འཁྲུངས། ཆོས་རྗེས་བླ་མ། བླ་ཆེན་བསོད་བློ། བླ་མ་དཔལ་ལྡན་པ་ལ་ཡབ་ཆོས་མང་དུ་གསན།། གོང་མས་གསེར་གྱི་དམ་ཁ་དངུལ་གྱི་ཐོག་ཤུགས་དང་བཅས་པ་གནང། དབང་ཧུའི་ཁྲིམས་ཀྱི་གཙོས་པའི་ཁྲིམས་ལུགས་བཅུ་གཅིག་ལ་དབང་བསྒྱུར་བའི་ལུང་གནང་ཁྲིམས་གཉིས་ཀྱི་བྱ་བ་ལ་བརྩོན་པར་མཛད་པའི་ངང་ནས་གདནན་ས་ཆེན་པོ་བཞི་ཞབས་ཏོག གཙུག་ལག་ཁང་བརྟེན་གསུངས་བཞེངས་པ། དགེ་འདུན་གྱི་བསྙེན་སྐུར་སོགས་མཛད་པ་བསམ་གྱི་མི་ཁྱབ། ཆོས་སྐྱོང་ཀ་ལ་ནུས་པ་ཐོན། བྱི་བ་ལོ་ཟླ་བ་ལྔ་པའི་ཉི་ཤུ་བདུན་ལ་གཤེགས་སོ། དེའི་གཅུང་སློབ་དཔོན་ཆེན་པོ་འཇམ་དབྱངས་ཆོས་རྒྱལ་བས་ཡབ་ཆོས་ལ་སྦྱངས་སོ། རྣམས་སྲས་པ་ལ་སྲས་གཉིས་ཀྱི་ཆེ་བ་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐུ་གཞོན་ནུ་ལ་མཁས་པར་སྦྱངས། བོ་དོང་ཨེ་ཆོས་རྗེ་བླ་མའི་གདན་ས་ལ་བྱོན། ཚོགས་ཆོས་ལ་རྣམ་འགྲེལ་གསུངས་བ་སོགས་མཛད་པ་མཐའ་ཡས་པའོ། ཆུང་བ་སློབ་དཔོན་ཆེན་པོ་ཆུང་དུས་ར་ཁྱི་ཕག་ཟེར། ཐེག་ཆེན་ཆོས་རྒྱལ་བ་ལ་དགེ་བསྙེན་ཞུ་པའི་མཚན་ནམ་མཁའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ས་མོ་ཡོས་ལ་འཁྲུངས། སྐྱེ་སྟོབས་ཀྱི་ཤེབ་དང་ཡ་རབས་ཀྱི་སྤྱོད་ཚུལ་ཕུན་སུམ་ཚོགས་པ་དང་ལྡན། ཞེ་དྲུག་པ་ཤིང་ཕོ་བྱི་བ་ལ་གཤེགས། དབང་ནམ་མཁའ་ལེགས་པ་ལ་སྲས་གཅིག་འཁྲུངས་པ། དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཤིང་མོ་ཡོས་ལ་འཁྲུངས། ཉེ་དགུ་པ་ཆུ་མོ་ལུག་ལ་གཤེགས། དེའི་བཙུན་མོ་ཤངས་མཐོང་སྨོན་མ་གཅིག་རྒྱལ་མོ་ལ་སྲས་གཅིག་འཁྲུངས་པ། སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཆུ་མོ་བྱ་ལ་འཁྲུངས། བཙུན་མོ་གཉིས་པ་མ་གཅིག་དཔལ་འབྱོར་བཟང་མོ་ལ་སྲས་གཅིག་འཁྲུངས། སློབ་དཔོན་ཆེན་པོ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། མེ་མོ་གླང་ལ་འཁྲུངས། དེ་རྣམས་དུས་མཆོད་བླ་བྲང་བའི་གདུང་རབས་སོ། བླ་མ་བདག་ཉིད་ཆེན་པོའི་བཙུན་མོ་དྲུག་པ་ཞ་ལུ་ཁྲི་དཔོན་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་མ་གཅིག་