R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༥བ
[A:༥བ] སུ་ཆུད་གོང་ནས་གདན་དྲངས་ཏེ་ཤིས་མཛ། བསྟན་པའི་བྱ་རྒྱ་ཆེན་པོ་མཛད་ནས་སོ་གཉིས་པ་ས་མོ་ཡོས་ལོ་མེ་ཏོག་ར་བར་གཤེགས། དེའི་གཅུང་ཏྲི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཡབ་ཞེ་དགུ་པ་ལྕགས་ཕོ་ཁྱི་ལ་འཁྲུངས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་གུང་རྟ་གཅིག། གཞོན་ནུ་ནས་ཡབ་མེས་ཀྱི་ཆོས་ལ་མཁས། རྣམ་འགྲེལ་ལ་སྨྲ་བའི་མཆོག་ཏུ་གྱུར། སྙན་གྲགས་ཆེ་བས་གོང་ནས་གདན་དྲངས་ཏེ་བྱོན་ཏྲི་ཤཱི་མཛད། བར་སྐབས་སུ་ཕྱིའི་རྒྱ་མཚོ་ལུད་ནས་གནོད་པ་ཆེན་པོ་ཡོང་བ་ལ་གཏོར་ཆེན་དང་བླ་གོས་བརྡབས་པས་རྒྱ་མཚོ་ཕྱིར་ལོག་པ་དང། ངོ་ལོག་གི་དམག་གིས་རྫུ་འཕྲུལ་གྱི་རྟ་དམག་གིས་མཚོན་ཆ་འཕེན་པ་སོགས་བྱུང་བ་ལ། བླ་མ་འདི་ཉིད་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ། ཆོས་སྐྱོང་ལ་འཕྲིན་ལས་བཅོལ་བས་སེར་བ་ཆེན་པོ་བབ་ཏེ་བར་སྣང་གི་དམག་གི་མཚོན་ཆ་ཐམས་ཅད་ས་ལ་ལྷུང་ནས། རང་ཕྱོགས་རྒྱལ་བར་མཛད་པ་སོགས་ནུས་པ་བསམ་གྱིས་མི་ཁྱབ། གུང་ལོ་ཞེ་དགུ་པ་ས་ཕོ་ཁྱིའི་ལོ་ལ་མེ་ཏོག་ར་བར་གཤེགས་སོ། འདི་ལོ་ཉི་ཤུ་རྩ་བདུན་ཏྲི་ཤཱི་མཛད་དོ། བླ་མ་འདི་ཏྲི་ཤཱི་མ་མཛད་གོང་གི་༣་༣ས་ཆུ་ཕོ་སྤྲེའུའི་ལོ་ལ་སྲས་ཏ་དབྱེན་ཆོས་རྗེ་རྒྱལ་མཚན་དཔལ་བཟང་པོ་འཁྲུངས། ཡབ་མེས་ཀྱི་ཆོས་ལ་སྦྱངས། ཁྱད་པར་རྣམ་འགྲེལ་སོགས་སྡེ་སྣོད་འཕུལ་དུ་ཕྱིན་པ་མཁྱེན་། ཚོགས་ཆེན་པོར་རྣམ་འགྲེལ་དང་རིགས་གཏེར་གསུངས། གོང་ནས་གདན་འདྲེན་བྱུང་སྤྲེལ་ལོ་ལ་བྱོན། ཨ་ཡུ་ཧྲེ་ཏ་ར་རྒྱལ་པོའི་དགོས་ཀྱི་བླ་མཆོད་མཛད། ཉི་ཤུ་རྩ་བརྒྱད་པ་ས་མོ་ཕག་ལ་གཤེགས། ཡུམ་མི་གཅིག་པ་ལ་ཏ་དབེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་སྤྲེའུ་ལོ་སྔ་མ་དེ་ཉིད་ལ་འཁྲུངས། ཆོས་རྗེ་བླ་མ། ཇོ་ནང་ཀུན་མཁྱེན་པ། བུ་སྟོན་ཁ་ཆེ། ས་བཟང་མ་ཏི་སོགས་བརྟེན། མདོ་སྔགས་སྤྱི་ལ་མཁས། རྣམ་འགྲེལ་ལ་ས་པཎ་དང། འུ་ཡུག་གི་འགོ་ནས་འདི་བས་ཆོར་ས་བཟང་བ་མ་བྱུང་བར་གྲགས། ལོ་བཅོ་བརྒྱད་བར་དུ་ཚོགས་ཆོས་གསུངས། སོ་གསུམ་པ་ཤིང་ཕོ་འབྲུག་ལ་གཤེགས། ཏ་དབེན་ཆོས་རྒྱལ་བ་ལ་སྲས་བཞི་བྱུང་བའི་གཅེན་སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ས་མོ་གླང་ལ་འཁྲུངས། བླ་མ་འདིའི་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཆེན་མོ་ལས་ཤེས་སོ། བླ་མ་འདིས་འབྲིས་ཀློག་སོགས་ཚར་མདོར་ཁྱེན། ཏ་དབེན་ཀུན་རིན་པ་དང། ས་བཟང་པ་མེ་ཏེ་ལ་རབ་ཏུ་བྱུང་བ་ཞུས་རྣམ་འགྲེལ་རིགས་གཏེར་ལ་ཁྱད་པར་མཁས།