R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༣
[A:༣༤༣]སྦྲང་རྩི་ནམ་མཁའི་མཚོ་སྐྱེས་ཉིད། །ཉིད་ཀྱིས་ཇི་སྐད་རྗེས་སུ་གདམས་པའི་བཀའ། །བཀའ་བཞིན་བསྒྲུབས་ན་ཕན་བདེ་མཐའ་ཡས་མོད། །མོད་ལ་འགྱུར་བ་དབྱར་གྱི་ཆུ་བཞིན་དུ། །དུ་མར་སྣང་བ་བསོད་ནམས་བགོ་སྐལ་ཞན། །འོན་ཀྱང་དུས་གསུམ་སངས་རྒྱས་ཇོ་ནང་པའི། །གསུང་ནི་གཞོན་ལ་འདོམས་པ་ཡི་གེའི་ཚུལ། །འདིས་ཀྱང་རེ་ཞིག་བླ་མའི་འཕྲིན་ལས་རྒྱུན། །སྤེལ་བར་མཛད་ལ་རྗེས་སུ་ཡི་རང་བགྱི། །དེ་ནས་བདག་གི་བླ་མ་གཅིག་ཏུ་དབེན་པ་ལ་དགྱེས་པའི་བསམ་གཏན་པ་ཆེན་པོ་འདི། ལོ་བཅུ་བདུན་ཙམ་གྱི་བར་དུ། དད་གུས་ཀྱི་བྱེད་པ་ནམ་ཡང་མ་ཉམས་པས་དངོས་གྲུབ་ཀྱི་རྟེན་འབྲེལ་རང་འགྲིག་ཏུ་གྱུར་པའི་སྐལ་བ་ཅན་བསྟན་པའི་སྦྱིན་བདག་ཆེན་པོ་རྩིས་གནས་གསར་པས། ཉེ་བར་མཁོ་བ་མ་ཚང་བ་མེད་ཅིང་གྱ་ནོམ་པས་བསྙེན་བཀུར་ཏེ། གཙོ་བོར་སྐྱིད་སྦུག་བླ་བྲང༌། ཨེ་ཝཾ་བླ་བྲང་དཀར་པོ། བོ་དོང་རྫོང་ལ་སོགས་པར་སྐུ་མཚམས་བཅད་རྒྱ་ངེས་པ་ཅན་ཁོ་ན་ལ་བཞུགས་ཤིང༌། དེའི་བར་སྐབས་བར་སྐབས་སུ་གདུལ་བྱ་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། དེའང་བྱི་ལོའི་མཇུག་དཔལ་ལྡན་ས་སྐྱར་ཕེབས་ནས་སྒོ་རུམ་དུ་ནག་པོ་ཆེན་པོའི་དྲུང་དུ་མཆོད་གཏོར་རྒྱས་པར་ཕུལ་ཞིང་བསྟན་པ་རྒྱས་པའི་འཕྲིན་འཆོལ་བ་དང༌། སྐལ་ལྡན་མང་པོ་ལ་གསུང་གི་བདུད་རྩི་ཡང་ཅི་རིགས་པ་སྩལ། གླང་ལོ་སྦྱིན་བདག་ཆེན་པོས་སྤྱན་དྲངས་ཏེ། བོ་དོང་རྫོང་ཕུན་ཚོགས་རབ་བརྟན་དུ་ཕེབས་ནས་སྦྱིན་བདག་ཆེན་པོ་ཡབ་སྲས་ལ་དཔལ་ནག་པོ་ཆེན་པོའི་མན་ངག་ཐུན་མོང་མ་ཡིན་པའི་ཁྲིད་དང༌། ཡི་གེའི་ལུང་ལ་