R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༢
[A:༣༤༢]ནས་བསྟན་པ་མ་ནུབ་ཙམ་མཛད་ཅིང༌། བླ་བྲང་ཚོགས་ཁང་སྐུ་འབུམ་མཐོང་གྲོལ་ཆེན་པོ་ལ་སོགས་པའི་ཞིག་གསོས་ཕྲ་རགས་དང༌། ཆོས་གཞིས་སོགས་ཀྱི་ཁ་འཛིན་རུས་སུ་ཐོན་པ་མཛད་པས་འཇིག་རྟེན་ཕྱོགས་ནས་ཕྱི་ཐེས་སུ་ཆེ་བ་བྱུང་ལ། དེ་ལྟར་ལོ་ཉི་ཤུ་རྩ་དྲུག་གི་བར་རི་ཁྲོད་ཆེན་པོར་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་བཞེད་པ་མ་འཁྲུལ་ཞིང༌། མ་འདྲེས་པའི་ངེས་དོན་གྱི་བསྟན་པ་གསལ་བར་བཞུགས་པ་ནི། བདག་ཅག་གི་བླ་མ་འདི་ཉིད་ཀྱི་སྐུ་དྲིན་ཁོ་ན་ལས་བྱེད་པོ་གཞན་མ་མཆིས་པར་འཁུམས་སོ། །འཁྲུལ་མེད་ས་ཆེན་བཅུ་གཉིས་བརྙེས་ཁྱོད་ཀྱིས། །གདུལ་བྱའི་རྟེན་འབྲེལ་བཅུ་གཉིས་སྦྱང་བའི་ཕྱིར། །གནས་དེར་ལོ་གྲངས་བཅུ་གཉིས་རབ་བཞུགས་ནས། །ཀུན་རྫོབ་དུས་སྦྱོར་བཅུ་གཉིས་འགོག་པའི་ལམ། །རྣལ་འབྱོར་ཡན་ལག་དྲུག་པའི་དགའ་སྟོན་གྱིས། །སྐྱོན་མེད་ཁམས་དྲུག་ལྡན་པའི་གདུལ་བྱ་རྣམས། །རྡུལ་བྲལ་རིགས་དྲུག་རྒྱལ་བའི་ས་ལ་བཀོད། །ཁམས་གསུམ་འགྲོ་དྲུག་སྐྱེ་སྒོ་བཅད་པ་བཞིན། །དེ་ཚེ་དཔལ་ལྡན་ཀཱ་ལ་པ་ཡི་གྲོང༌། །བོད་ཡུལ་འཛིན་མའི་ཁྱོན་འདིར་འཕོས་པ་བཞིན། །ངེས་དོན་ཆོས་ཀྱི་འཁོར་ལོ་སྒྱུར་བ་ཁྱོད། །རིགས་ལྡན་གྲགས་པ་ཕྱོགས་འདིར་འོངས་སམ་སྙམ། །འོན་ཏེ་རྣལ་འབྱོར་དབང་ཕྱུག་དུས་འཁོར་ཞབས། །ངུར་སྨྲིག་བླ་གོས་གསར་པ་བཟུང་བྱས་ཏེ། །ཁ་བའི་ལྗོངས་འདིར་ཡུད་ཀྱིས་འོངས་སམ་ཞེས། །བདག་གི་སེམས་ནི་ཁྱོགས་ལ་ཕྱང་མོ་ཡུག །རྒྱལ་དབང་ཉིན་མོར་བྱེད་པའི་ཤུལ་ཉིད་དུ། །གདན་སའི་རྒྱུ་སྐར་ཁ་དོག་རབ་གསལ་ཡང༌། །ངེས་དོན་པདྨའི་འཛུམ་ཞལ་མི་བཞད་ནས། །ཉམས་རྟོགས་