R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༤
[A:༣༤༤]སོགས་པ་མང་དུ་གནང་བ་དང༌། རྟེན་གསུམ་མང་པོའི་རབ་ཏུ་གནས་པ་ཡང་མཛད། ལོ་དེའི་སྟོན་སྦྱིན་བདག་ཆེན་པོ་ལ་འཕྲལ་ཕུགས་སུ་ཕན་བདེ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང༌། ཡུལ་ཕྱོགས་དེར་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཆེད་དུ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྐུ་འདྲ་བཞེངས་པའི་བཀའ་གྲོས་མཛད་དེ། ཇོ་ནང་སྐྱིད་སྦུག་ཏུ་ཕེབས་ནས། དེ་ལ་དམིགས་པའི་ཐུགས་བསྙེན་ཁ་གསོ་བ་དང་ཁྱད་པར་རྗེ་བཙུན་མཆོག་གི་བསྟོད་པ་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཤློ་ཀ་གཅིག་པོའི་སྟེང་དུ། གྲགས་ལྡན་དམ་པ་རྡོ་རྗེ་འཆང༌། །བསྟན་པའི་རྒྱལ་མཚན་འཛིན་སླད་དུ། །དགེ་བསྙེན་མཆོག་གི་སྐུར་སྟོན་པ། །མཐུ་སྟོབས་དབང་ཕྱུག་ལ་ཕྱག་འཚལ། །ཁྱོད་ཀྱིས་བདག་རྒྱུད་བྱིན་བརླབས་ནས། །ཕྱི་ནང་བར་ཆད་ཞི་བ་དང༌། །བསམ་དོན་ཡིད་བཞིན་མྱུར་འགྲུབ་སྟེ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་པ་རྗེ་ཉིད་ཀྱིས་མཛད་པ་འདི་སྦྲེལ་བ་འབུམ་ཐེར་ཞིག་ཁ་ཏོན་དུ་མཛད། སྟག་ལོ་ཚེས་པ་ན་བླ་བྲང་དཀར་པོར་ཕེབས་ཏེ་སྐུ་མཚམས་བཅད་རྒྱ་ངེས་པ་ཅན་ལ་བཞུགས་པའི་ངང་ནས། གཉེར་པ་ཚེ་འཛིན་པ་ཞེས་བྱ་བ་དང༌། སྤྲུལ་སྐུ་ཡ་མ་ལེགས་པ་འཇམ་དཔལ་བ་གཉིས་ཀྱིས། དཔལ་ས་སྐྱའི་ཟུར་ཁང་བླ་བྲང་ན་བཞུགས་པའི་སྐུ་འདྲ་དཀར་ཤཱཀྱ་གྲགས་ཀྱིས་བཞེངས་ཤིང༌། རྗེ་བཙུན་ཉིད་ཀྱི་ཕྱག་ནས་བཞུགས་པ་དེ་ལས་སྐུའི་དབྱིབས་འདྲ་ལེན་ཞུས། སྐུ་ཚད་ཀྱི་ཐིག་སྐུད་སོགས་སྤྱན་དྲངས་ཏེ། རྒྱུ་བྱིན་རླབས་མཛད་པའི་ཚེ་ནམ་མཁའི་གཏོས་ཐམས་ཅད་འཇའི་དྲ་བས་ཁེབས་ཤིང༌། མེ་ཏོག་གི་ཆར་ཀྱང་ལྷག་པར་བབས། དེ་ནས་རིམ་བཞིན་