R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༡
[A:༣༤༡]ནམས་ཀྱི་བགོ་སྐལ་ནི་དེ་ཙམ་དུབས་པ་དང༌། རང་ཉིད་དབེན་པར་དགྱེས་པའི་དབང་གིས། ཉིད་ཀྱི་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་མེ་མོ་ཕག་གི་ལོ་ལ་བོ་དོང་ཨེ་ཆོས་སྡེའི་བདེ་བ་ཅན་གྱི་སློབ་དཔོན་ནམ་མཁའ་བཟང་པོ་པ་རྒྱལ་ཚབ་ཏུ་འགོད་པར་བཞེད་ནས་ཇོ་ནང་དུ་གདན་དྲངས། དགྱེས་ཤིང་རིངས་པར་བྱོན་པ་ལ་རི་ཁྲོད་ཆེན་པོ་དགོན་ལག་སོ་སོ་དང་བཅས་པའི་བླ་བྲང་གི་སྟོད་རྫས། ཆོས་གཞིས་རྣམས་བེམ་བཞག་གི་ལུགས་ལ་འཕར་ཁ་ཡོད་པ་ཁོ་ན་དང་བཅས་པ་དང༌། ལྡན་གྲོལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་གྲྭ་པ་རབ་ཏུ་མང་པོ་དང་བཅས་པ་རྣམས་གཏད་དེ། དགོན་པ་འཛིན་ཚུལ། གྲྭ་བུ་སློབ་ཀྱི་སྐྱོང་དར། ཁྱད་པར་ངེས་དོན་གྱི་བསྟན་པ་ལ་བྱ་བ་ལྷག་པར་ཁུར་དུ་བཞེས་དགོས་པའི་བཀའ་བཀོད་མཐིལ་ཕྱིན་པ་མཛད། བྱི་བ་ལོའི་དུས་ཁྲིད་ནི། མཁན་པོ་གདན་ས་པས་གཙོ་བྱས་པའི་དད་འདུས་ཀྱི་གདུལ་བྱ་བརྒྱ་ཕྲག་མང་པོ་ལ་རྗེ་ཉིད་ཀྱིས་ཤིན་ཏུ་རྒྱས་པར་གསུངས། ཁྱད་པར་མཁན་པོ་བ་ལ་ལམ་ཟབ་མོ་འདིའི་སྤྱིའི་བབས། དཀའ་བའི་གནས། ཕྱག་ལེན་ཕྲ་མོ་ཚུན་ཆོད་མཐའ་ཆོད་པར་གསུངས། རྒྱུད་འགྲེལ་ཆེན་པོ་རྫོགས་པར་གསུངས་པའི་མཐར་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་རྫོགས་པར་བསྐུར་ཏེ་ངེས་དོན་གྱི་གྲུབ་མཐའ་རིས་མེད་པའི་གདུལ་བྱ་མང་པོ་ལ་སྟོན་པའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས། བྱི་ལོ་ས་ག་ཉ་བའི་ཚེས་བཅུ་བཞི་ལ་ཞབས་སྟེགས་ཀྱི་སེང་གེའི་ཁྲི་ལ་བཀོད་དེ། གདན་ས་པས་ཀྱང་ལོ་བཅུ་དྲུག་གི་བར་གདན་ས་བསྐྱངས་ཏེ། ཟབ་ལམ་དུས་ཁྲིད་མ་ཆག་པར་གསུངས་པའི་སྒོ་