[A:༣༤༠]གྱི་དབང་ཕྱུག་བིརྺ་པ་ཉི་མ་གཏེ་འཛིན་གྱི་སྐུ་རྡོ་དྲེག་སྨུག་པོ་ལས་གྲུབ་པ་ལྟ་བུ་མི་ཙམ་ཞིག་རང་བྱོན་དུ་གསལ་བར་བྱོན་པ། བདག་སྤུན་ལ་སོགས་པས་དུས་ཕྱིས་ཇོ་ནང་མཇལ་དུ་ཕྱིན་པའི་ཚེ་ཡང་གསལ་བར་བཞུགས་ཀྱི་འདུག་པ་མཐོང་བའི་སྐལ་བ་ཅན་དུ་གྱུར་ཅིང༌། རྗེ་བླ་མ་ཞི་བར་གཤེགས་པའི་རྗེས་ཉིད་ལ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་འདུག་ཅེས་ཐོས་ཏེ། རྙོག་བྲལ་མཁའ་ལ་རྒྱུ་བའི་ཟླ་བའི་གཟུགས། །དངས་པའི་ཆུ་མཚོར་འཆར་བ་ཆོས་ཉིད་ཡིན། །དེ་བཞིན་རྣལ་འབྱོར་དབང་ཕྱུག་བླ་མ་འདིའི། །སྐུ་ཡི་སྣང་བརྙན་བྲག་དེར་ཤར་རམ་སྙམ། །དུས་ཁྲིད་དང་སྟོན་དཔྱིད་ལ་སོགས་པ་གཞིར་གནས་དང༌། ཕྱོགས་ཀྱི་དད་པ་ཅན་རྣམས་ལ་ཟབ་ལམ་གཙོ་བོར་གསུངས་པས། ཇོ་ནང་བདེ་ཆེན་དང་བསྒྲགས་པར་ཟབ་ལམ་གྱི་ཁྲིད་ཚར་སུམ་ཅུ་རྩ་དྲུག་སོང་ཞེས་གསུང་ལ། རྒྱུད་འགྲེལ་ཆེན་མོ་སེམས་འགྲེལ་ཕྱི་མ་གཉིས་དང་བཅས་པའི་ལུང་ཚར་བཅུ་ལྷག་པ་སོགས་ལུང་གི་ཚོགས་ཇི་སྙེད་པ་དང༌། དབང་བསྐུར་བ་དང༌། རྗེས་སུ་གནང་བ། དམར་ཁྲིད་དང༌། ཞེན་པ་བཞི་བྲལ་ལ་སོགས་པའི་ཁྲིད་ཆུང་མང་པོ་དང༌། དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་རྣམས་ཀྱི་སྡོམ་པ་འབོགས་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་གདུལ་བྱ་སོ་སོའི་སྐལ་བ་དང་འཚམ་པའི་བཤད་སྒྲུབ་ཀྱི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་ཏེ། སེམས་ཅན་བགྲང་བ་ལས་འདས་པ་སྨིན་གྲོལ་མཆོག་ལ་བཀོད་ཅིང༌། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་ཕྱོགས་ཐམས་ཅད་དུ་གསལ་བར་མཛད་ནས། རེ་ཞིག་ཕྱོགས་དེའི་གདུལ་བྱ་རྣམས་ཀྱི་བསོད་