R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༩
[A:༣༣༩]ཕྱག་མང་པོ་བྱས་པ་ཞིག་གདའ་ཞེས་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་སུ་མཐོང་བ་ཞིག་བྱུང་གསུང༌། སྐབས་ཤིག་ཏུ། རྗེ་བཙུན་རྡོ་རིང་པ་ཆེན་པོ་གྲོམ་སྟོད་ཁའུའི་བྲག་རྫོང་ན་བཞུགས་པའི་དྲུང་དུ་བྱོན་ཏེ་གདམས་པའི་འཕྲོ་འགའ་ཞིག་གསན། དེར་བཞུགས་པའི་གཞིས་བྱེས་ཀྱི་སྒྲུབ་པ་པོ་དམ་པ་དུ་མ་ཞིག་ལ་རྗེ་འདིས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་སྨིན་གྲོལ་གྱི་སྐུ་དྲིན་དུ་མ་ཞིག་སྩོལ་བར་མཛད། གཙོ་ཆེར་རི་ཁྲོད་ཆེན་པོ་ཇོ་ནང་ཉིད་དུ་བཞུགས་ཏེ། ཚོགས་ཁང་ཆེན་པོའི་ལྷོ་སྐྱ་ལ་ཞིག་གསོས་མཛད་དེ། མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་གཙོ་བོར་བཞུགས་པའི་ཞིང་ཁམས་གཉིས་ཀྱི་ལོགས་བྲིས་ཀྱི་ཞལ་བཀོད་རབ་གནས་ཀྱི་བར་མཐར་ཕྱིན་པར་མཛད། ལོ་རེ་བཞིན་བླ་བྲང་ནས་གཏོང་བའི་ཀུན་མཁྱེན་ཆེན་པོའི་དུས་མཆོད་དང༌། སྤྱིས་ནས་གཏོང་བའི་ཀུན་མཁྱེན་ནམ་མཁའི་དུས་མཆོད་རྣམས་ཀྱང་མ་ཆག་ཅིང་ཤིན་ཏུ་བཟང་བ་དང་གསེར་ཁ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་རྒྱས་པ་དང༌། བདེ་ཆེན་དང་སངས་རྒྱས་གླིང་དུ་ཡང་དུས་འཁོར་གྱི་སྒྲུབ་མཆོད་རྒྱས་པ་ཞག་མང་པོའི་བར་དུ་མ་ཆག་པར་མཛད་པ་དང༌། དཔལ་བསམ་སྡིངས་ན་རྗེ་དགོན་པ་བའི་སྐུ་འབུམ་བཞུགས་པ་དེའི་དྲུང་དུ་ཡང་མཆོད་པའི་ཚོགས་རྒྱ་ཆེན་པོ་ཕུལ། དཔལ་ཀྱེ་རྡོ་རྗེའི་རས་བྲིས་ལ་བརྟེན་པའི་སྒྲུབ་མཆོད་རེ་མ་ཆག་པ་མཛད། གསང་ཆོས་སོགས་ཀྱི་སྐབས་ཡང་བ་བྱུང་བའི་དུས་སྐྱིད་སྦུག་བླ་བྲང་དུ་འདག་སྦྱར་ཆུ་བུག་སྒོའི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེའི་སྐབས་ཤིག་ནས་སྐྱིད་སྦུག་གི་སྟེང་གི་བྲག་གི་བྱ་སྐྱིབས་ཆེན་པོ་ཞིག་ལ་རྗེ་བཙུན་རྣལ་འབྱོར་