R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༤
[A:༣༣༤]བའི་རྒྱལ་པོར། བླ་མ་དང་རྒྱལ་བ་སྲས་དང་བཅས་པས་དབང་བསྐུར་ཞིང་མངའ་གསོལ། ལྷ་མི་ཐམས་ཅད་ཀྱིས་བསྟོད་ཅིང་ཕྱག་བགྱི་བའི་གནས་སུ་གྱུར་ཏོ། །བོད་ཡུལ་གྲུབ་རིགས་བྱེ་བའི་ཅོད་པན་དུ། །དུ་མས་བསྔགས་པའི་ཀུན་སྤངས་ཆོས་ཀྱི་རྗེ། །རྗེ་བཙུན་མཆོག་དེའི་ཞབས་སྟེགས་སེང་གེའི་གདན། །གདན་དེར་བསྟན་པའི་བདག་པོར་དབང་བསྐུར་ཐོབ། །དད་ལྡན་ལྷ་མི་དུ་མས་མདུན་ནས་བསུས། །བརྩེ་ལྡན་བླ་མས་དབྱིངས་ནས་ཤིས་པ་བརྗོད། །མཐུ་ལྡན་སྲུང་མས་བདུད་དཔུང་ཚར་བཅད་དེ། །སྐལ་ལྡན་སྐྱེ་བོའི་དཔལ་དུ་དེ་རིང་བསྐོས། །དེའི་ཚེ་ངེས་དོན་གྱི་རྣལ་འབྱོར་མ་བཟང་པོ་ཞིག་གིས་གསལ་སྣང་དུ་འཇམ་དབྱངས་དཀོན་མཆོག་བཟང་པོ་ཕེབས་ཀྱི་ཡོད་ཟེར་བ་ཞིག་བྱུང་བ་ལ་བརྟེན་ནས། བདག་གི་བླ་མ་འདི་ཉིད་འཇམ་དབྱངས་དཀོན་མཆོག་བཟང་པོའི་སྐུ་སྐྱེ་ཡིན་ནོ་ཞེས་ཀྱང་གྲགས་ལ། ལོ་དུས་སོགས་ནི་འགྲིག་པར་ཡང་སྣང་ངོ༌། །དེ་ནས་ཚེས་བཅུ་དྲུག་ཉིན་རྒྱལ་ཕུར་འཛོམ་པའི་གཟའ་སྐར་བཟང་པོ་དང་ལྡན་པ་ལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་དུས་འཁྲིད་ཀྱང་ཚུགས་པར་མཛད། དེ་ནས་བཟུང་སྟེ་ལོ་བཅུ་གཉིས་ཀྱི་བར་དུ་རི་ཁྲོད་ཆེན་པོ་དེ་ཉིད་ཀྱི་གདན་ས་ལ་ཞུགས་ཤིང༌། དགོན་པ་བདེ་ཆེན་དང་སངས་རྒྱས་གླིང་ལ་སོགས་པའི་དགོན་ལག་རྣམས་ཀྱང་བདག་གིར་མཛད་དེ། རི་ཁྲོད་ཆེན་པོར་ཚེ་འདིའི་བྱ་བ་རྨི་ལམ་གྱི་ཡོ་ལང་ལྟ་བུར་སྙིང་པོས་སྟོང་པ་ཐམས་ཅད་བློས་བོར་ནས། དོན་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པའི་སྒྲུབ་ཆེན་ཕོ་མོ་གཞིར་གནས་རྣམས་དང༌། བདག་ཅག་གི་བླ་མ་འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་འདིའི་སྙན་