R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༣
[A:༣༣༣]རྣམས་ཆག་མེད་བཞི་ལ་སོགས་པའི་ཉམས་ལེན་ལ་བཀོད། བླ་བྲང་ཀ་བ་བརྒྱད་ཙམ་གྱིས་སྤེའུ་མཐོན་པོ་ཞིག་འདུག་པ་སྟོང་གོག་ཏུ་སོང་བ་ལ་ཐོག་འབིགས་དང༌། ཞལ་བ་སོགས་ཞིག་གསོས་མཐར་ཕྱིན་པར་མཛད་དེ། མདོར་ན་ཆོས་དང་ཟང་ཟིང་གི་སྒོ་ནས་ཕྱོགས་དེའི་བདེ་སྐྱིད་རྒྱ་ཆེར་སྤེལ་ལ། ལྗོངས་དེར་འཁོད་པའི་སྐྱེ་བོ་ཐམས་ཅད་ཀྱང་མི་ཕྱེད་པའི་དད་པ་ཐོབ་པ་ཤ་སྟག་བྱུང་ངོ༌། །དེའི་སྐབས་ཤིག་དགོན་པ་ནོར་བུ་སྒང་པས་ཀྱང་སྤྱན་དྲངས་ཏེ་ལོ་ཁ་ཅིག་ཞལ་བདག་མཛད། དེར་ཡང་དགོན་ཡར་མར་གྱི་དགེ་འདུན་རྣམས་ལ་གསུང་ངག་རིན་པོ་ཆེ་ཚར་གཅིག་གསུངས་ཏེ་ཡུལ་ཕྱོགས་དེ་དག་ཏུ་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་ངང་ནས་གདན་ས་ཆེན་པོ་དང༌། དཔའ་ལུང་དགོན་པར་ཡང་ལུགས་གཉིས་ནས་ཕན་བདེ་སྤེལ་བར་མཛད། སྐབས་ཤིག་བོ་དོང་ཨེར་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ལྡན་རིན་ཆེན་གྱི་གདན་སར་སྤྱན་འདྲེན་པ་ནན་ཆེ་བར་བྱུང་ཡང་ཞལ་གྱིས་མ་བཞེས། ཉིད་ཀྱི་དགུང་ལོ་བཞི་བཅུ་བཞེས་པའི་ཚེ། རི་ཁྲོད་ཇོ་ནང་གི་གདན་ས་ལ་གདན་འདྲེན་པ་བྱུང་བ་ན། རྗེ་བཙུན་ནམ་མཁའི་མཚན་ཅན་གྱི་དམ་ཚིག་ལ་དགོངས་ནས་བྱོན་ཏེ། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་བ་ཆེན་པོས། ལྕགས་ཕོ་རྟའི་ལོ་ལ་མཆོད་རྟེན་དཔལ་ཡོན་ཅན་བཏབ་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་དྲུག་འདས་པ་མེ་ཕོ་བྱི་བའི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ། བོད་ཡུལ་གྲུབ་རིགས་བྱེ་བའི་གཙུག་རྒྱན་ངེས་དོན་བསྟན་པའི་བདག་པོ་ཀུན་སྤངས་ཀུན་ཏུ་བཟང་པོའི་ཞབས་སྟེགས་ཀྱི་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ནས། ངེས་དོན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྒྱུར་