R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༢
[A:༣༣༢]ཤེས་པར་བྱའོ། །དེ་ནས་རེ་ཞིག་གདན་ས་ཆེན་པོ་ཉིད་དུ་བཞུགས་ཏེ་སྡེ་དང་བསྟན་པའི་ཁུར་བཞེས། རང་ཉིད་ཐོས་བསམ་སྒོམ་པ་ལྷུར་མཛད་ལ། སྐལ་བ་དང་ལྡན་པ་དུ་མ་ལ་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཀྱི་ཚུལ་དུ་མ་རྒྱུན་མ་ཆད་པར་གསུངས། ཉིད་ཀྱི་དགུང་ལོ་སུམ་ཅུ་བཞེས་པའི་ཚེ། རུ་ལག་གྲོམ་པ་རྒྱང་གི་བྱ་འདབས་བཀྲ་ཤིས་གླིང་ཞེས་བྱ་བའི་དགོན་པ་ཞིག་ཡོད་པ་དེའི་དགེ་འདུན་རྣམས་ཀྱིས་སྤྱན་དྲངས་ནས་ལོ་བཅུ་ཙམ་ཞིག་ཞལ་བདག་མཛད། གྲྭ་པ་རྣམས་ལ་རང་རང་གི་སྐལ་བ་དང་མཚམ་པའི་སློབ་སྦྱངས་དཔྱིས་ཕྱིན་པར་མཛད་དེ། ཕལ་ཆེ་བ་མཁས་པའི་གོ་འཕང་ལ་བཀོད་ཀུན་རིག་གི་ཆོ་གའི་སྐབས་སུ། ཚུགས་ཆང་དང་སྐབས་ཆང་སོགས་ཆང་ཁོ་ནའི་ཡོ་ལང་བྱེད་པ་དང༌། ཆོ་གའི་རྣམ་གཞག་འདི་ཡིན་ཆེར་མེད་པ་རྣམས་བཀག་ནས། དགེ་འདུན་སྡེར་ལོངས་པ་ལ་ཆང་འགྲིམས་ས་མེད་པའི་བཅའ་སྒྲིགས་དང༌། ཆོ་གའང་གཞན་ཕན་མཐའ་ཡས་ཀྱི་སྟེང་ནས་ཕྱག་ལེན་ཤིན་ཏུ་ཞིབ་པ། སྔགས་ཀྱི་རིང་ཐུང་གཅོད་མཚམས་ཚུན་ཤིན་ཏུ་དག་པར་བསླབས་ཤིང་འདྲེན་པའི་ཚེ་ཡང་རིང་ཐུང་ཕྱེད་པའི་ཕྱིར་སྒྲིགས་འདོན་བྱེད་པ་སོགས་བསྟན་པ་ལ་ཕན་པའི་སྲོལ་བཟང་པོ་ཚུགས་ཏེ་དེའི་ཕྱག་ལེན་གྱི་རྒྱུན་དེང་སང་ཀྱང་ཡོད་པར་སྣང༌། མགོན་པོའི་བསྐང་གསོ་ནམ་བྱེད་པ་ན་ངེས་པར་ལུག་ནག་པོ་རེ་གསོད་པ་སོགས་མུ་སྟེགས་བྱེད་དང་ཆ་འདྲ་བའི་ལག་ལེན་ངན་པ་ཐམས་ཅད་རྩ་བ་ནས་བཀག་སྟེ་འཁྲུལ་མེད་ཀྱི་ཕྱག་ལེན་དང་མཐུན་པའི་དགུ་གཏོར་ཆག་མེད་བཙུགས་གྲུབ་ཆེན་བྱ་འགྱུར་བ་སྤྱན་དྲངས་ནས་གསུང་ངག་རིན་པོ་ཆེ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་བར་གསོལ། རང་ཉིད་ཀྱིས་ཀྱང་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཚར་གཅིག་གསུངས་ཏེ་དགོན་པ་དེའི་དགེ་འདུན་