R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༡
[A:༣༣༡] དེར་ཡང་འཇོག་མ་ནུས་པར་གཙང་པ་རིང་མོ་ཞེས་པའི་ཕོ་ཉ་ཞིག་ལ་སིལ་སྙན་བསྐུར་ནས་རབ་ཏུ་སྐོར་དཔོན་རང་གི་ཕྱག་ཏུ་འཕྲོད་དམ། དེ་མིན་ནའང་ས་སྐྱ་པ་རང་གི་དགོན་པ་ཡིན་པས་གསེར་མདོག་ཅན་དུ་སྐྱོལ་ཤོག་ཅེས་མངགས་ཏེ་བཏང་བ་ན། ཕོ་ཉ་བ་དེ་ལ་ཁྱོད་ཀྱི་སིལ་སྙན་ཆོ་འཕྲུལ་ཅན་དེ་ཁྱེར་ཡོད་པ་འདུག་དེ་སྐད་སྙོན་ཡོད་ཟེར། ལམ་གྱི་ཟླ་བོ་དང་གནས་ཚང་མི་རྙེད་པ་བྱུང༌། རིམ་གྱིས་གསེར་མདོག་ཅན་དུ་སླེབ། པཎ་ཆེན་རིན་པོ་ཆེ་ཤཱཀ་མཆོག་པའི་ཕྱག་ཏུ་ཕུལ་ནས་གདན་ས་ཆེན་པོར་སྐྱེལ་བར་ཞུས་པ་བཞིན། པཎ་ཆེན་རིན་པོ་ཆེས་ཀྱང་ས་སྐྱ་པས་གྲུབ་རྟགས་བསྟན་པའི་སིལ་སྙན་སྒྲ་བོ་ཆེ་དེ་འདིར་སླེབས་བྱུང་བས་ལན་མི་གནང་བ་ཞུ་གསུང་པའི་བཀའ་ཤོག་རྗེ་བཙུན་ཉིད་ལ་གནང་བ་ཕྱག་ཏུ་འབྱོར་ཏེ། མཆོད་དཔོན་དགེ་འདུན་དང༌། བཀྲས་རྒྱན་རྣ་བོ་ཆེ་བྱ་བའི་ཉེ་གནས་གཉིས་ལེན་དུ་བཏང་བས་སྐྱོན་མེད་དུ་ཕྱག་ཏུ་བྱུང་ཞིང༌། སྐོར་དཔོན་ཆོས་ཀྱི་རྗེ་སྒོ་རུམ་པ་དེས་སྔ་ཕྱིར་གྲུབ་རྟགས་མང་པོ་ཞིག་བསྟན་པར་འདུག །ཅེས་གྲགས་པའི་རྔ་བོ་ཆེས་དབུས་གཙང་ཐམས་ཅད་དུ་ཁྱབ་པར་གྱུར་ལ། སིལ་སྙན་དེ་ནི་ཕྱིས་སུ་སྐུ་ཉེ་ཁ་གཅིག་གི་མགྲིན་པའི་ལམ་དུ་སོང་ཞེས་ཐོས་ཏེ་མདོར་ན་འཁྲུག་ལོང་ལ་སོགས་པ་དེ་དག་ཀྱང་སྟབས་ཉེས་པ་ལྟ་བུས་བྱུང་བ་མ་ཡིན་གྱི། སྣེའུ་རྫོང་པ་སོགས་ཕྱོགས་དེའི་ཆེ་རྒུ་ཕལ་ཆེ་བ་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པས་བསྟན་པའི་བདག་པོ་རྗེ་བཙུན་ས་སྐྱ་པའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་ཁྱད་གསོད་དང་བརྙས་པ་འབའ་ཞིག་ལྷུར་ལེན་པས་ངན་འགྲོའི་ལམ་དུ་རིངས་པར་ཆས་པ་དེ་དག་ཐམས་ཅད་འདི་ལྟ་བུས་ལམ་ངན་པ་ལས་ཅུང་ཟད་བཟློག་པར་གཟིགས་ཏེ་བསམས་བཞིན་དུ་མཛད་པར་