R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༨
[A:༣༢༨]སྤྲིན་གྱི་ཚོགས་བསྡུས་ནས། །ཀླད་འགེམས་འབྲུག་སྒྲས་དགྲ་བོའི་ཀླད་པ་སྐམས། །རྒྱལ་བས་སྤྲུལ་བའི་རབ་འཇིགས་རྡོ་རྗེའི་ཆར། །བཟློག་པ་མི་ནུས་ཁྱོད་ལས་བདེན་པ་སུ། །འོན་ཀྱང་མགོན་སྐྱབས་གཞན་ནས་མི་འཚོལ་བ། །ཁྱོད་ཉིད་བློ་ལྡན་ཞིག་ཏུ་བདག་གིས་རྟོགས། །ནང་དུ་ཁྲོས་པའི་རྣམ་འགྱུར་ཞི་མ་ཐག །ཕྱི་རོལ་འཇིགས་བཅས་ཆུ་འཛིན་དབྱིངས་སུ་ཡལ། །འདི་ཀོ་སྤྲུལ་པའི་མཛད་པ་མ་ལགས་པ། །གཞན་དུ་ཤེས་ལྡན་སུ་ཞིག་ཐེ་ཚོམ་ཟ། །དེའི་ཕྱི་ཉིན་དཀོན་གཉེར་དབོན་བོས་ཏེ་ཇོ་བོ་རིན་པོ་ཆེའི་ཞལ་གསེར་ལ་སོགས་པ་ལག་ཏུ་སྤྲད། གདན་ས་ཆེན་པོའི་སྐོར་ཆེན་ལ་ཕྱོགས་གང་དུ་ཡང་བཀུར་སྟི་ཞབས་ཏོག་མ་གཏོགས་བྱེད་ས་མེད་པའི་སྡེ་དཔོན་སོ་སོའི་བཅའ་ཧུ་སོགས་འདི་བཞིན་ཡིན་ནའང༌། ད་ལམ་འདིར་བརྙས་པ་ཆེ་བ་ཞིག་བྱས་བྱུང་བས། སྐོར་ཆེན་དེ་རིང་ཉིད་ལོག་འགྲོ་བ་ཡིན་གསུང༌། འཇིགས་པའང་འཇིགས་པར་བྱེད་པའི་གསུང་ཅུང་ཟད་སྩལ་བ་ན་དཀོན་གཉེར་དཔོན་དེ་དང༌། སྣེའུ་རྫོང་པ་སོགས་ཕྱོགས་དེའི་དྲེགས་པ་ཅན་ཐམས་ཅད་ཀྱི་སྙིང་ལྐོག་མར་བོས་ཏེ། ཤིན་ཏུ་སྐྲག་པས་དྲུང་དུ་གསེར་དངུལ། གོས་ཕྱི་ནང་དྲེའུ་གཞན་གསུམ་ཙམ་གྱི་ཁལ་འཁྱེར་བར་ནུས་པའི་དགའ་ལྡན་ཁང་གསར་བའི་དྲེལ་སྨྱོན་དུ་གྲགས་པ་སོགས་དངོས་པོ་གྱ་ནོམ་པའི་འབུལ་བ་དང༌། སྐོར་ལས་པ་རྣམས་ལའང་སོ་སོར་འབུལ་བ་བཟང་པོ་དང་བཅས་པའི་བཤགས་པ་ཕུལ་བ་ལྟར་ཐུགས་བརྩེ་བས་བཟོད་པར་གནང་སྟེ་དེར་བཞུགས། ཇོ་བོ་རྣམ་གཉིས་ལ་ཞལ་གསེར་དཀར་མེ་སྟོབས་ཆེ་བ། ཁྱམས་ཆེན་པོ་ལ་མཐོང་རས་སོགས་རིམ་པས་ཕུལ། གཙུག་ལག་ཁང་གི་ཁྱམས་ཆེན་པོར་སྐྱེ་བོའི་ཚོགས་བསམ་གྱིས་མི་