R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༩
[A:༣༢༩]ཁྱབ་པ་ལ་དབུ་མ་ལུགས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསུངས་པའི་ཚེ། ལྷ་རྫས་ཀྱི་མེ་ཏོག་དཀར་པོས་སའི་མདོག་བསྒྱུར་ནུས་པ་ཙམ་ནམ་མཁའ་ནས་ལྡིང་ཞིང་བབས། གསུང་སྙན་ཅིང་འཇེབས་ལ་ཡིད་དུ་འོང་བ་དེས་ཆོ་ག་རྣམ་པར་དག་པ་བརྡ་སྤྲད་པས་དེར་འདུས་པའི་སྐྱེ་བོ་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱུད་ལྡན་ཤ་སྟག་ཏུ་མཛད་པས། གཞི་བྱེས་ཀྱི་སྐྱེ་བོ་དེར་འདུས་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིང༌། དད་པ་དང་གུས་པ་ལྷག་པར་འཕེལ་བས་སྐལ་བ་བཟང་པོར་མཛད་ཅེས་ཐོས་ཏེ། རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་ཁྱོད་ལ། །རྒྱལ་བའི་རྩ་བ་བྱང་ཆུབ་སེམས་བསྐྱེད་པའི། །རྒྱལ་བའི་མྱུ་གུ་དེ་དག་འཇིག་རྟེན་འདིར། །རྒྱལ་བའི་མཛད་པ་མཛད་ལ་ཐེ་ཚོམ་བྲལ། །ཡིད་འཕྲོག་པུཎྜ་རི་ཀའི་མེ་ཏོག་གིས། །ས་འཛིན་ཟླ་ཤེལ་བཞད་ལྟར་བྱས་པ་འདི། །ཡིད་ཅན་དེ་དག་དཀར་པོའི་ཆོས་སྤྱོད་པའི། །ས་སྟེགས་མཛེས་ཞེས་མཚོན་པ་ཡིན་ནམ་སྙམ། །དེའི་སྐབས་ཤིག་བདག་ཅག་གི་བླ་མ་འདི་སྣེའུ་རྫོང་པས་རང་གི་ཕོ་བྲང་དུ་སྤྱན་དྲངས། བསྙེན་བཀུར་རྒྱ་ཆེར་བསྒྲུབས་པའི་ཚེ། ཕྱགས་ཕྱི་ཞིག་གཟིམས་གུར་བསྲུང་བ་ལ་བཞག་པ་ན་ཁོང་ཡིད་བདེ་བར་གཉིད་དུ་སོང་བའི་བར་ལ། སིལ་སྙན་ཧོར་ཆོལ་བཟང་པོ་ཞིག་ཡོད་པ་ཕྱོགས་ཀྱི་རྐུན་པོ་ཞིག་གིས་ཁྱེར་བར་གྱུར་མོད། ཐོག་མེད་རྨོངས་པའི་མལ་སྟན་འཇམ་པོ་འདིར། །དད་རྫས་གཤིན་རྫས་བཅུད་ཀྱིས་མྱོས་པ་ལས། །ཉིན་མཚན་མེད་པ་གཏི་མུག་མིག་ཟུམ་པ། །ཀྭ་ཡེ་ཁྱོད་ལས་བདེན་པ་སུ་ཞིག་མཆིས། །དྲེའུའི་ཡབ་དེས་ལྷུག་པར་བློས་བཏང་མོད། །མོད་ལ་སྲུང་མ་ཕོ་ཉར་བཅས་པ་འཁྲུགས། །འཁྲུགས་ལྡན་རྐུན་པོ་དེ་ཡིས་