R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༧
[A:༣༢༧]ནས་དྲན། །དེ་ནས་རིམ་གྱིས་ཆོས་འཁོར་ལྷ་ས་ཉིད་དུ་ཕྱག་ཕེབས་ཏེ། སྐོར་བ་སོགས་འཕེལ་བར་བཞུགས་པ་ན། གཞིས་བྱེས་ཀྱི་སྐྱེ་བོ་ཁ་ཅིག་འཐབ་རྩོད་ཅུང་ཟད་ལ་བརྟེན། ཕན་ཚུན་རྒྱབ་སྣོན་རེས་ཀྱི་འཁྲུག་ལོང་དུ་གྱུར། གཞི་པ་ཁ་ཅིག་གིས་བརྙས་པ་བྱས་པ་ན། ཐུགས་ཅུང་ཟད་འཁྲུག་པའི་ཚུལ་བསྟན་ཏེ། མཆོད་གཡོག་པ་དགེ་འདུན་ལ་གཏོར་མ་ཞིག་བཟོས་ལ་དེར་ཞོག་གསུང་བ་བཞིན་བསྒྲུབས་པས། དེ་མ་ཐག་ཕྱོགས་ཐམས་ཅད་མུན་པར་བྱེད་པའི་སྤྲིན་ནག་ངམས་ཟ་བ་འཇིགས་འཇིགས་ལྟར་འདུག་པའི་ཁྲོད་ནས་གློག་གི་ཕྲེང་བ་འཁྱུག་ཅིང༌། བརྡར་མ་རྣམས་ཀྱི་ཀླད་པ་འགེམས་པར་སྤྲོ་བའི་འབྲུག་དྲག་པོ་དལ་བ་མེད་པར་སྒྲོགས་བཞིན་དུ། ཕྱོགས་དེ་ཡུད་ཙམ་ལ་འཇོམས་པར་ནུས་པའི་སེར་བ་དྲག་པོ་འབབ་ལ་ཉེ་བ་ན། ཡུལ་དེའི་སེར་བསྲུང་དེས་ཁོ་རང་གི་ནུས་པ་ཇི་ལྟར་ཡོད་པའི་ཐབས་རྣམས་ཀྱིས་བཟློག་པར་འདོད་ཀྱང༌། ཅུང་ཟད་ཀྱང་ཕན་པར་མི་ནུས་པས་རྟབ་རྟབ་པོར་གྱུར་ཏེ། མགོན་གཞན་མ་རྙེད་པར་བདག་གི་བླ་མ་འདི་གང་ན་བཞུགས་པའི་གཟིམས་གུར་གྱི་དྲུང་དུ་ལྷགས་ཏེ། ངལ་བ་མེད་པར་ཕྱག་བརྒྱ་ཕྲག་མང་པོ་འཚལ་ཞིང༌། གདོང་མཆི་མ་དང་བཅས་པས་གསོལ་བ་བཏབ་པ་ན། བརྩེ་བ་ཆེན་པོས་དགོངས་ཏེ་གཏོར་མ་དེ་ཕུལ་གསུང༌། དེ་ཕུལ་མ་ཐག་སྤྲིན་གྱི་ཚོགས་དེ་དག་སོ་སོར་གྱེས། ནམ་མཁའ་ཨནྡ་རྙིལ་ལྟར་སྔོ་བ་ལ་ཉི་འོད་ཀྱིས་འཁྱུད་པས་སྐྱེ་བོ་རྣམས་སྙིང་དགའ་བར་བྱེད་པ་ཞིག་ཏུ་གྱུར་ཞེས་ཐོས་ཏེ། ཁྲོ་བ་སྤངས་བཞིན་བདུད་ལ་ཁྲོ་བ་ཁྱོད། །འཁྲུགས་པ་མེད་ཀྱང་སྙིང་རྗེས་འཁྲུགས་པའི་ཚེ། །མ་བསྡུས་པར་ཡང་