R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༨
[A:༣༡༨]ཁ་ཅིག་ནི་སྐྲག་པས་སྙིང་ལྐོག་མར་བོས། གཟུ་བོར་མི་གནས་པའི་ཧོམ་ཅན་ཁ་ཅིག་སྨོད་པར་འདོད་བཞིན་དུ་མངོན་སུམ་ལ་བསྙོན་པར་མ་ནུས་པས་ལྐུགས་པའི་བརྟུལ་ཞུགས་ལ་བཀོད། སྐྱེ་བོ་ཕལ་མོ་ཆེ་ནི་ཨ་ལ་ལ་ཆོས་རྗེ་སྒོ་རུམ་པའི་ཆོས་སྐྱོང་བྲན་དུ་བཀོལ་བའི་ནུས་མཐུ་ལ་ལྟོས་ཤིག་ཅེས་འཇིགས་ཤིང་སྐྲག་ལ་མི་ཕྱེད་པའི་དད་པ་ཡང་ཐོབ་བཞིན་དུ་རྗེ་འདི་པའི་ཡོན་ཏན་སྒྲོག་པ་ལྷུར་ལེན་པའི་གཏམ་གཞན་སྨྲ་བའི་གོ་སྐབས་ཀྱང་མེད་པར་བྱས་ཞེས་ཐོས་ཏེ། བསྟན་པའི་བྱ་བ་མཛད་པ་རྣམས་ཕར་ཞོག །རེ་ཞིག་འདི་ཙམ་ཡང་བློའི་རྭ་བ་ལས་འདས་པ་མ་ཡིན་ནམ། འདི་ན་འཇམ་དབྱངས་ཀྱིས་ཀྱང་མི་འདུལ་བའི། །བདུད་སྡེ་ཐལ་བར་བྱེད་ལ་ཆས་པ་ཁྱོད། །མཐུ་ལྡན་རྒྱལ་བའི་དབང་པོ་གཞན་སུ་ཞིག །ཐུགས་རྗེས་ཁྲོ་བོའི་རོལ་པར་བཞེངས་པ་ལགས། །གདུལ་དཀའི་བདག་འཛིན་རྩད་ནས་གཞོམ་མཁས་སླད། །གདུལ་འོས་བདུད་སྡེ་འདུལ་ལ་བསྙེམས་པ་ཅི། །གདུལ་བའི་ཐབས་ལ་མཁས་པ་དེ་དང་དེས། །གདུལ་བྱ་མཐའ་དག་སྐྱོང་བ་འདི་ངོ་མཚར། །བོ་དོང་རྫོང་དུ་གཏོར་བཟློག་ཅིག་མཛད་པའི་ཚེ་གནས་གསར་ནས་སྡེ་པ་བརྟན་པའི་དྲུང་གིས་སྒྲ་གཅན་གདོང་དང༌། གཟའི་རྒྱུ་ཚུལ་སོགས་ཞིབ་ཏུ་བརྩིས་ནས་དེ་གའི་བཤིས་ཚུལ་ཞུས་པ་ན་རང་གི་རྣལ་འབྱོར་མེད་པ་རྣམས་ལ་ཆོ་གའང་ཁྲིགས་ཇི་ལྟ་བར་བྱེད་དགོས་ཤིང༌། ཕྱི་རོལ་གྱི་སྒྲ་གཅན་སོགས་བརྩི་དགོས་པ་ཡིན་གྱི། ནང་གི་རྣལ་འབྱོར་ཡོད་པ་ལ་ནང་གི་ལྟས་ཁོ་ན་གཙོ་བས་དེ་དང་བསྟུན་ནས་བྱེད་པ་ལས་ཆོ་ག་སྒྲིགས་དང་གཟའ་སྐར་གྱི་སྤང་བླང་མི་འཚལ་གསུངས་ཏེ། རྒྱུད་གསུམ་དྲེགས་པའི་སྣང་བརྙན་ཇི་སྙེད་པ། །གསལ་སྟོང་ཟུང་འཇུག་དབྱིངས་སུ་མཁྱེན་པའི་མཐུས། །ནང་གི་རྒྱུད་གསུམ་དབང་དུ་འདུས་པའི་ཕྱིར། །ཕྱི་རོལ་མཚན་