R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༧
[A:༣༡༧]ཤིང་གནས་དགོས་པ་ཁོ་ན་བྱུང་ལ། གཏོར་མ་གཏོང་པའི་ཚེ་གཏོར་ཆེན་འཁྱེར་པ་པོར་བསྐོས་པ་དེ་དང་དེ་དག་ཤིན་ཏུ་འཇིགས་པས་གཏོར་མ་ལ་འཇུ་ནུས་པ་ཕར་ཞོག་ཕྱོགས་སུ་ཉེ་ཡང་མ་ནུས་ཏེ། །སྲིད་གསུམ་བདུད་དཔུང་འཇོམས་པའི་དཔའ་ཆེན་པོ། །སྙིང་རྗེས་ཁྲོས་པའི་དམག་དཔུང་གཏོར་མའི་ཟོལ། །བདུད་ཀྱི་སྙིང་མར་འགེམས་ནུས་འདི་འདྲ་ལ། །འཇུ་བར་མི་ནུས་ཁྱོད་ལས་བདེན་པ་སུ། །དེའི་ཚེ་གསོལ་དཔོན་སངས་ཤེས་ཞེས་པ་རྗེ་ཉིད་ལ་ཆོས་སྐྱོང་གི་རྗེས་སུ་གནང་བ་ཐོབ་ཅིང་དད་གུས་ཀྱི་སྐལ་བ་བཟང་པོར་གྱུར་པ་ཞིག་ཡོད་པ་དེས་གཏོར་ཆེན་ཁྱེར། དཔོན་སློབ་རྣམས་ཀྱིས་ཆོས་སྐྱོང་གི་བསྐུལ་མཛད་དེ་ཆས་པ་ཙམ་གྱིས་སྔར་བས་ཀྱང་ཆེས་འཇིགས་ཤིང་སྐྱི་གཡའ་བའི་ཆོ་འཕྲུལ་དུ་མ་ཞིག་བྱུང་བ་ལ་བརྟེན་གདན་ས་ཆེན་པོ་ན་འཁོད་པའི་སྐྱེ་བོ་རྒན་གཞོན་མ་མཆིས་བར་ཐམས་ཅད་སྐྲག་ཅིང་སྐྱི་བུང་ཞེས་བྱེད་ནས་ཁང་པའི་ནང་དུ་གནས་ཀྱང་མི་ནུས་པར་གྱུར་ལ། ཐོག་མར་གདོང་ལྷགས་ཤིན་ཏུ་ཆེ་བས་ལམ་མི་བགྲོད་ཙམ་བྱུང་བ་ལ་གཏོར་མ་འདེགས་ཡུལ་དེ་ཉིད་དུ་ཕེབས་ཏེ། རྗེ་ཉིད་ཀྱི་ཟོར་ལམ་དབྱེ་བའི་གསེར་སྐྱེམ་མཛད་པ་ཙམ་གྱིས་རླུང་ཆེན་པོ་དེ་ཡང་སྐད་ཅིག་ལ་ལོག་ནས་རྒྱབ་ནས་འགྲོ་ཞིང༌། གཏོར་མ་ཆེན་པོ་དེ་བདུད་ཐམས་ཅད་ཀྱི་སྙིང་གའི་འཛིན་མར་བརྡབས་པའི་ཚེ་ཧོམ་ཆེན་པོ་སྦར་བ་བཞིན་དུ་མེའི་ཕུང་པོ་འཚུབ་ཅིང་འབར་འཕྲོ་བ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱི་སྙིང་འདར་བར་བྱེད་པའི་ཆོ་འཕྲུལ་སྟོན་པར་མཛད་ལ། དེའི་མཐུས་བདག་ཆེན་ཐམས་ཅད་མཁྱེན་པའི་སྐུ་ཁམས་ལེགས་པར་དྭངས་ཤིང་གསུང་ཆོས་ཀྱང་མཐར་ཕྱིན་པས་ཤིན་ཏུ་མཉེས་ཤིང༌། རྗེ་འདི་ལ་གཏང་རག་གི་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་མཛད། རང་མཐོང་གིས་ཁེངས་པའི་མཁས་གྲུབ་ཁྲོན་པའི་རུས་སྦལ་