R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༦
[A:༣༡༦]བཟློག་ཕུར་པ་ཞིག་གནང་བ་ཉེ་གནས་ཞིག་གིས་ཁྱེར་ནས་བཙུགས་མ་ཐག་ཤུགས་དྲག་ཅིང་རྦ་རླབས་གཡོ་བའི་ཆུ་ཀླུང་སྨྱོན་པ་བཞིན་དུ་བརྒྱུག་ཅིང་མཆོང་བ་དེ། སྐད་ཅིག་ལ་སྔར་ཆུ་མི་འབབ་པའི་བུད་སྒང་མཐོན་པོ་ཞིག་གི་ས་ཕྱོགས་ལ་ཡུད་ཀྱིས་འགྱུར་ཏེ། ཆུ་བཟློག་གི་ཕུར་བུ་བཞུགས་ས་དེ་ལས་མདའ་རྒྱང་ཙམ་གྱི་ས་མཐོ་ནས་བསྐོར་ཏེ་འབབ་པ་ཐམས་ཅད་ཀྱིས་མཐོང་བ་འདི་ཡིན་མོད། དཔལ་ལྡན་ཆོས་སྐྱོང་ཁྲོས་པའི་སྡིགས་མཛུབ་ཀྱིས། །གངྒཱ་ལན་གཉིས་བཟློག་མོད་སྔར་བཞིན་བབས། །ཁྱོད་ཀྱི་ཕྲིན་གྱིས་བཟློག་པར་བྱས་པའི་རྒྱུན། །ད་དུང་སྔར་གྱི་ཤུལ་དུ་འབབ་མ་ནུས། །ཤུགས་དྲག་ཐུར་དུ་འབབ་པའི་ཐིག་ལེའི་རྒྱུན། །གཞོམ་མེད་རིགས་བདག་རྩེ་མོར་འཆིང་ནུས་ན། །ཕྱི་རོལ་འབབ་ཆུ་བཟློག་ལ་ངོ་མཚར་ཅི། །འོན་ཀྱང་བྱིས་པ་མགུ་བའི་ཐབས་སུ་ཟད། །ཉིད་ཀྱི་དགུང་ལོ་སུམ་ཅུ་རྩ་བརྒྱད་བཞེས་པའི་ཚེ་བདག་ཆེན་ཐམས་ཅད་མཁྱེན་པས་དགུང་ལོ་སུམ་ཅུ་བཞེས་པ་དེ་ཉིད་དཔལ་ས་སྐྱར་སྤྱན་དྲངས་ཤིང་གསུང་ངག་རིན་པོ་ཆེ་གནང་བར་གསོལ་བ་འདེབས་པ་པོ་མཛད་དེ་ཞུ་བ་པོ་བཞི་བརྒྱ་ཙམ་དང༌། རྒྱུ་དབང་ལ་དྲུག་བརྒྱ་ཙམ་འདུས་པ་ལ་དབང་མཛད་པའི་ཚེ་གེགས་ཀྱི་རྣམ་པས་བདག་ཆེན་ཉིད་སྐུ་ཁམས་བསྙེལ་ཏེ་དབང་ཆ་ཁ་ཅིག་ལ་དབང་རྫས་འགྲིམ་པ་ཡང་ལས་ཀྱི་རྡོ་རྗེས་བྱས་གསུང་ཆོས་འཆག་པ་ཉེ་བ་ན་བདག་གི་བླ་མ་བདུད་ཀྱི་དཔུང་འཇོམས་པ་ལ་གཅིག་ཏུ་དཔའ་བ་འདིས་སྐུ་རིམ་ལ་དམིགས་པའི་ནག་པོ་ཆེན་པོའི་གཏོར་ཆེན་ཞིག་གཟིམས་ཁང་དམར་པོར་མཛད་པའི་ཚེ། ཐུགས་དམ་ཚུགས་པ་ཙམ་གྱིས་ཟིལ་ཆེ་ཞིང་འཇིགས་པས་བཞི་ཐོག་གི་དྲུང་འཁོར་གཉུག་མར་གནས་པ་ཐམས་ཅད་ཟླ་གྲོགས་མེད་པར་གཟིམས་ཁང་གི་ཕུ་མདའ་ལ་རྒྱུ་འགྲུལ་བྱེད་མི་ནུས་པ་དང༌། རང་གར་འདུག་པ་ནའང་གློ་བུར་དུ་སྐྱི་བུང་ཞེས་བྱེད་ནས་གཅིག་ལ་གཅིག་འཆང་