R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༥
[A:༣༡༥]གུས་ཀྱི་རྒྱུན་མ་ཉམས་པར་གནས་པ་འདི་ཡིན་ལ། སྒོམ་ཚོར་ཆབ་ཞུགས་ལ་བྱོན་པའི་དུས་ཤིག་ཆབ་ནང་དུ་ཞུགས་ཙམ་ལ་རླུང་འཚུབ་ཆེན་པོ་ཞིག་བྱུང་བ་ལ་ཕྱག་ཡུག་མཛད་དེ་ཕར་སོང་གསུངས་མ་ཐག་སྒང་གཤོངས་ས་ཕྱོགས་ལ་སོང་ནས་དེར་བཞུགས་རིང་བསེར་བུ་ཙམ་མ་བྱུང་སྟེ། སོ་སོར་སྡུད་ལ་སྙོམས་ཞུགས་ནས། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ། །ཞེས་གསུངས་པ་དོན་ལ་གནས་པ་ཡིན་ནོ། །སྔོན་དུས་དམ་པ་རྒྱ་གར་ཞེས་བྱ་དང༌། །ད་དུས་དམ་པ་རྡོ་རྗེ་འཆང་དབང་ཁྱོད། །བདེན་ཚིག་དམ་པ་གྲུབ་པ་མཚུངས་ལགས་མོད། །ངུར་སྨྲིག་དམ་པ་འདི་ཡི་ཁྱད་པར་བྱ། །བཟླས་བརྗོད་ཀྱི་ནུས་པའང་བསམ་གྱིས་མི་ཁྱབ་སྟེ། དགུང་ལོ་སོ་གཅིག་བཞེས་པའི་དབྱར་དཔལ་སྒོ་རུམ་བླ་བྲང་དུ་སྐུ་མཚམས་མཛད་དེ་བྷ་ཡ་ནའི་བསྙེན་པ་ཞག་བདུན་པ་ཞིག་མཛད་པས་ཞག་ལྔ་པའི་ནུབ་གློ་བུར་དུ་ཆར་ཆུ་དྲག་པོ་བསམ་གྱིས་མི་ཁྱབ་པ་བྱུང་བས་གར་ཆུ་ཤིན་ཏུ་རྒྱས་ནས་ཞིང་མང་པོའང་མ་རུངས་པར་བྱས། དགོན་པའི་གྱང་ཞིག་འགྱེལ་བའི་འོག་ནས་རྗེ་ཉིད་ཀྱི་ན་བཟའ་གོས་བེམ་རྙིང་པའི་དུམ་བུ་དང་བཅས་པའི་མནན་གཏད་དྲག་པོ་ཞིག་ཀྱང་ཐོན་བྱུང་བ་ལ། གསུང་ལས། དེ་དུས་ཀྱི་ཤྭ་འོད་དེ་བྷ་ཡ་ནའི་ནུས་པས་མནན་གཏད་ཚོས་མ་ཚུགས་པར་འཐོན་འགྲོ་བའི་ཆོ་འཕྲུལ་ཡིན་པ་འདུག་གསུང་བ་དང༌། དེའི་ཚེ་ཡུལ་པའི་ཞིང་མང་པོ་དང་བླ་བྲང་པའི་ཞིང་མང་པོ་ལ་གནོད་པ་བྱུང་ནས་སྒོ་རུམ་ན་བཞུགས་པའི་ཁ་ཆེ་པཎ་ཆེན་གྱི་སྐུ་རྗེ་ས་སྐྱ་པཎྜི་ཏའི་ཕྱག་བཟོ་མ་སོགས་བྱིན་རླབས་རྟེན་མང་པོ་ཞལ་སྟོན་པ་དང༌། ནུས་པ་དང་ལྡན་པ་དང༌། ནུས་པ་ཡོད་པར་རློམ་པ་མང་པོའི་ཐབས་སྣ་ཚོགས་བྱས་ཀྱང་ཅི་ཡང་ཕན་པ་མ་བྱུང་བ་ལ། རྗེ་ཉིད་ཀྱི་ཞལ་བཞི་པའི་ཤྭ་