R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༨
[A:༣༠༨]སླར་ཡང་འཆི་བདག་འཇོམས་པའི་ཆོ་འཕྲུལ་འདི། །བདག་སོགས་རྒྱལ་བ་གཞན་གྱིས་མི་ཐུལ་བའི། །སྐལ་དམན་འགའ་ལ་དགོངས་ཏེ་བཞུགས་སམ་སྙམ། །ཡང་དགུང་ལོ་ཞེ་བཞི་པའི་ཚེ་ཟླ་བ་གཅིག་ན་འཆི་ཟེར་བའི་ལུང་བསྟན་ཅིག་བྱུང་གསུང༌། དེ་བཟློག་པའི་སླད་དུ་སྐྱིད་སྤུག་བླ་བྲང་དུ་སྐུ་མཚམས་ལ་བཞུགས་ནས་སྦྱོར་དྲུག་པའི་ལུགས་ཀྱི་ཡི་གེ་ལ་དམིགས་པའི་རྡོ་རྗེ་བཟླས་པ་ཞག་བདུན་མཛད་པས་མནལ་ལམ་གྱི་ཚུལ་དུ་འཆི་བདག་གི་བདུད་ཡིན་ཟེར་བའི་བན་རྒན་དུག་ཧྲུལ་གྱོན་པའི་གཟུགས་བརྙན་ཞིག་དྲུང་ན་འདུག་པ་ལ་དབྱུག་པ་ཞིག་བསྣུན་པས་ཅུང་ཟད་ཙམ་ཡང་མ་ལུས་པ་ཐལ་བར་བུན་གྱིས་སོང་བ་ཞིག་བྱུང་གསུང་སྟེ། དེ་ལྟར་སྙིགས་མའི་འགྲོ་བ་རྣམས་ལ་བརྩེ་བས་དགོངས་ཏེ་སྐུ་ཚེའི་འདུ་བྱེད་ཡང་དང་ཡང་དུ་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་བཞིན་དུ་ང་བྱིས་པའི་དུས་སུ་དབང་བསྐུར་བ་ཞུ་བའི་ཚེ་བླ་མས་ཇི་ལྟར་བརྡ་སྤྲད་པའི་དམིགས་པ་ལས་སེམས་གཞན་དུ་གཏན་ནས་ཡེངས་མི་འགྲོ་བ་ཞིག་ཡོད་གསུང་བ་དང༌། ངས་ལོ་བཞི་ལྔ་ཙམ་ལོན་པའི་དུས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་པའི་དྲུང་དུ་ཚེ་དཔག་མེད་ཛེ་ཏཱ་རིའི་དབང་ཞུས་བའི་ཚེ། འཇུག་པའི་ཕྱག་གི་སྐབས་སུ་འདོད་སྣམ་གྱི་སྟེང་ན་ཕར་སྐོར་བ་བྱས་ཕྱིན་པ་གསལ་པོ་ཞིག་དྲན་གསུང་བ་ལ་དཔགས་ན། དབང་གང་དང་གང་གསན་པ་དེའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲིབ་མེད་དུ་གཟིགས་ཀྱི་ཡོད་པར་སྣང་ཞིང༌། དེས་ན། དབང་དུས་ཉིད་ནས་འཇུག་པ་སེལ་བའི་ལམ། །མངོན་དུ་གྱུར་པའི་སྐྱ་རེངས་འདིས་མཚོན་ནས། །རིམ་གཉིས་དཀྱིལ་འཁོར་ཤར་ཚེ་མཚན་རྟོག་གི །མུན་པ་མ་ལུས་སེལ་བར་སྨོས་ཅི་དགོས། །ཞེས་བསྔགས་པའང་དོན་ལ་གནས་པ་ཉིད་ཡིན་ནོ། །