R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༧
[A:༣༠༧]ཅིག་མཛད་པར་ཞལ་གྱིས་བཞེས་ཏེ། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་བྱོན་ནས་ཇི་ལྟར་བྱུང་བའི་ཚུལ་རྒྱས་པར་ཞུས་པས་མཚམས་བྱས་པ་ཤིན་ཏུ་ལེགས། ཐུགས་དམ་གང་ལ་བྱེད་གསུང་བ་ལ་ཚེ་བསྙེན་གཅིག་བྱེད་པའི་ལུགས་ཡིན་ཞེས་ཞུས་པས། ལྷ་གཅིག་གིས་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན། ད་ལམ་དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་བྱས་པ་ལེགས་པས་བྱེད་ལུགས་ཀྱང་འདི་བཞིན་གྱིས་གསུངས་ནས་ཕྱག་ལེན་ཞལ་བཀོད་ཞིབ་པ་ཞིག་གནང༌། དེ་ནས་དཔལ་ལྡན་ས་སྐྱའི་གཟིམས་ཁང་འོག་མིན་དུ་སྐུ་མཚམས་ཤིན་ཏུ་དམ་པར་བསྡམས། ཀྱེ་རྡོ་རྗེའི་བསྙེན་པ་མཛད་པས། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་ལུང་བསྟན་དང་མཐུན་པར་སྲོག་རླུང་སྟོད་འཚངས་ཀྱི་རྣམ་པའི་སྐུ་ཁམས་ཤིན་ཏུ་དུབ་པ་ཞབས་མི་བརྟན་པ་ལ་ཉེ་བ་ཞིག་བྱུང་བ་ན་བདག་གི་བླ་མ་དམ་པ་འདི་ནི་གང་ཡང་ཉམས་ཀྱི་སྣང་བར་མཁྱེན་པས་ཐུགས་དམ་ཟབ་མོའི་ངང་དུ་བསལ་བས་ཇེ་བདེར་གྱུར་མོད། རྗེ་བཙུན་ཡབ་ལ་སོགས་པ་ཅི་བྱ་བརྟོལ་མེད་ལྟ་བུར་གྱུར་ནས་ཆོས་རྗེ་ཟུར་ཁང་པ་དཔལ་ལྡན་རིན་ཆེན་སྤྱན་དྲངས་ནས་བྱིན་རླབས་གེགས་སེལ་ཞུས། གདན་ས་ཆེན་པོར་དགེ་འདུན་སེར་གསོག་འགྱེད་བཟང་པོའི་སྐུ་རིམ་ཀྱང་བསྒྲུབས་པས་ལེགས་པར་དྭངས། དེ་ནས་བཟུང་སྟེ་ཟླ་བ་དྲུག་གི་བར་དུ་ཟླ་དུས་ཀྱི་ཚེས་བཅོ་ལྔ་ལ་སྐུ་ཁམས་ཤིན་ཏུ་ལྟེམ་པ་རེ་བྱུང་ནའང་ཐུགས་དམ་ཁོ་ནའི་ངང་དུ་བསལ་བས་གེགས་སེལ་ཞིང་དགུང་ལོ་བཅུ་དགུ་ལས་མི་བཞུགས་པའི་ལྟས་དེ་ལྟར་བཟློག་སྟེ་དགུ་ལོ་བཞི་བཅུ་རྩ་བཞིའི་བར་སྐུ་ཚེ་བསྲིངས་ཏེ། བདག་ཆེན་རྡོ་རྗེ་འཆང་ཆེན་པོས་ལུང་བསྟན་པ་བཞིན་དཔལ་ཀྱེ་རྡོ་རྗེ་ལ་བསྟེན་ནས་སྐུ་ཚེའི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཁྱོད་ཀྱི་བདུད་བཞི་མཐའ་དག་བཅོམས་ཟིན་མོད། །