R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༩
[A:༣༠༩]གཞན་ཡང་གཞི་བསྙེན་མཛད་པའི་སྐབས་ནས་བཟུང་མནལ་ལམ་དུ་འཇིགས་སྣང་སོགས་བར་ཆད་ཀྱི་རྣམ་པ་ཅི་ཤར་ཀྱང་རང་ཉིད་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྐུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟ་བུར་ལམ་གྱིས་འཆར་ཞིང༌། དེ་མ་ཐག་བར་ཆད་ཀྱི་རྣམ་པ་ཅི་ཡིན་ཀྱང་སེལ་འགྲོའི་འདུག་གསུང་བ་དང༌། གཞི་བསྙེན་གྱི་སྐབས་ཤིག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་ཤིན་ཏུ་ཆེ་བ་འཇིགས་སུ་རུང་བ་ཞིག་མཐོང་བས་འཇིགས་དྲགས་ལྟ་མི་ནུས་པ་སྙམ་བྱེད་པ་ཞིག་བྱུང་གསུང་བ་དང༌། བདག་ཅག་ཁ་ཅིག་ལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་རྗེས་གནང་ཞིག་མཛད་དེ། བརྒྱུད་པ་ཞུས་པ་ན་ངས་སྐྱིད་སྤུགསྐྱི་སྤུག་ཏུ་འཇིགས་བྱེད་ཀྱི་བསྙེན་པ་བྱས་པའི་ཚེ་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལྟ་བར་འདོད་ན་འདི་ན་ཞེས་བསྐུལ་མཁན་ཞིག་བྱུང་ནས་བལྟས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཤིན་ཏུ་གསལ་བ་ཞིག་མཐོང༌། དེའི་ཚེ་འཇིགས་དྲགས་ལྟ་མ་ནུས་པ་མིན་པ་བརྒྱུད་པ་གཞན་ལ་འདེད་མི་དགོས་ཉེན་ཡང་གདའ་སྟེ། ད་ལམ་བརྒྱུད་པས་ལུགས་ཀྱི་དབང་བརྒྱུད་དེ་ག་བྱས་པས་ཁྱབ་གསུང་བ་ན་བདག་འཇིགས་ཤིང་མཆི་མ་ཤོར་ནས་དཀྱིལ་འཁོར་གང་ཡིན་སོགས་ནི་ཞུ་མ་ནུས་མོད། དོན་གྱིས་དངོས་སུ་རྗེས་སུ་བཟུང་བར་ཞལ་གྱིས་བཞེས་འདུག་པ་དང༌། བདག་ཨྱོན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་ལ་དད་པོ་ཞིག་ཡོད་པས་རྒྱུན་གྱི་ཁ་ཏོན་བྱས་ཆོག་པའི་གསོལ་འདེབས་ཉུང་ངུ་ཞིག་མཛད་པར་གསོལ་བ་བཏབ་པས་གསོལ་འདེབས་སུ་བྱེད་མཁན་ཡོད་ན་གསར་དུ་རྩོམ་དགོས་པ་མེད། ངེད་ཀྱི་སྔ་མོའི་དུས་སྐྱིད་སྤུག་ཏུ་སློབ་དཔོན་ཆེན་པོ་ལ་དད་པ་ཐུན་མོང་མ་ཡིན་པ་