R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༦
[A:༣༠༦]མེད་བཞིན་སྣང་བའི་ཀུན་བརྟགས་འཁོར་བའི་ཆོས། །རང་སེམས་གཅིག་པུའི་རྩལ་དུ་ཐུགས་ཆུད་ནས། །ཀུན་ཏུ་རྟོགས་པའི་ཆུ་འཛིན་ཕྲེང་བ་ཡང༌། །གསལ་སྟོང་བསྐྱེད་རིམ་ནམ་མཁའི་དབྱིངས་སུ་ཡལ། །གྱ་ནོམ་ལྷ་སྐུར་ཞེན་པའི་རྣམ་རྟོག་དུག །འོད་གསལ་བདེ་ཆེན་བདུད་རྩིའི་བཅུད་དུ་བསྒྱུར། །རྣམ་གསུམ་དགྲ་ལས་རྒྱལ་བའི་དཔའ་བོ་ཁྱོད། །འཁོར་བས་འཇིགས་པ་ཀུན་གྱི་སྐྱབས་སུ་ངེས། །དངོས་ཀུན་རྒྱལ་བའི་དཀྱིལ་འཁོར་ཆུ་ཟླའི་གར། །དེ་ཡང་དགའ་ཆེན་བློ་འདས་ཆོས་དབྱིངས་སུ། །ལེགས་པར་རྟོགས་བཞིན་ལམ་གྱི་འབད་རྩོལ་གྱིས། །གསང་ཆེན་བསྟན་པ་སྤེལ་བ་འདི་ངོ་མཚར། །དེ་ལྟར་ཟབ་མོའི་ལམ་རྡོ་རྗེ་འཆང་ནས་ཟམ་མ་ཆད་པའི་བརྒྱུད་པ་རྣམ་པར་དག་པ་ལས་འོངས་པ་བྱིན་རླབས་ཀྱི་ན་བུན་མ་ཡལ་ཞིང༌། དམ་ཉམས་དང་འདྲེས་ཁྱེར་གྱི་མ་བསླད་པ་ཚད་མ་གསུམ་མམ། བཞི་དང་ལྡན་པའི་ལམ་དགྱེས་བཞིན་དུ་ཐུགས་ཉམས་སུ་བཞེས་པ་ལས་གྲུབ་པ་གཉིས་ཀྱི་འབྲས་བུ་དུ་མ་ཞིག་མངོན་དུ་ཡོད་མོད། དེའི་ཚུལ་ཅུང་ཟད་བསྙད་ན་དགུང་ལོ་བཅུ་དགུ་བཞེས་པའི་ཚེ་ཁྱོད་ཧོར་ཟླ་དྲུག་པ་ལ་འཆི་བ་ཡོད་ཟེར་བའི་ལུང་བསྟན་ཞིག་བྱུང་ནའང་སྐྱེ་འཆིའི་འཇིགས་པ་ལས་རིང་དུ་སོང་བའི་ཕྱིར་ཐུགས་མི་བདེ་བ་ཙམ་ཡང་མ་བྱུང་ཞིང་དེ་བཟློག་པའི་ཐབས་སོགས་ཀྱང་མ་མཛད་པར་ཅུང་ཟད་སོང་བ་ན་སྐུ་འཁོར་རྣམས་ཀྱི་དགོངས་པ་བཞིན་མ་བྱུང་བ་ཞིག་ལ་ཞལ་བཀོད་ཅིག་མཛད་དེ། འདི་བཞིན་གྱིས་ཁྱེད་རང་ཚོ་ལ་དགོས་བསམ་ང་རང་ཡུན་རིང་ཞིག་སྡོད་པའི་འཕྲོས་མི་འདུག་གསུངས་པས། དེར་འདུས་པ་ཐམས་ཅད་རྟབ་རྟབ་པོར་གྱུར། ཁྱད་པར་རྗེ་བཙུན་ཡབ་ཀྱིས་ངེད་ཅག་མགོན་མེད་པ་འདི་རྣམས་ཡལ་བར་འདོར་བ་རིགས་སམ་ཞེས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར་ཚེ་སྒྲུབ་