R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༥
[A:༣༠༥]གསུང་བཅད་ཁོ་ནའི་ངང་ནས་མཛད་པ་ཡིན་ནོ། །མདོར་ན་ཐུགས་དམ་གྱི་རིམ་པ་དེ་དག་ཀྱང་ཞབས་རྡུལ་རིང་ཉེར་བརྟེན་པའི་རྗེ་བཙུན་དབོན་རིན་པོ་ཆེས་ཡི་གེར་མཛད་འདུག་པ་དང༌། བདག་རང་གིའང་ཅུང་ཟད་ངེས་པ་རྣམས་འོལ་སྤྱི་ཙམ་དུ་བྲིས་པར་ཟད་ཀྱིས། ཡང་དག་པ་ན་རྗེ་བཙུན་དམ་པ་འདིའི་ཐུགས་ཀྱི་དགོངས་པའི་མཐའ་སུ་ཞིག་གིས་རྟོགས་པར་ནུས་ཏེ། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་གསུངས་པ་ཉིད་དོན་ལ་གནས་པའི་ཕྱིར་རོ། །དུས་ཕྱིས་ཤིང་ཕོ་བྱི་ལོ་རྗེ་བླ་མའི་ཕྱག་དཔེ་རྙིང་པ་འགའ་ཞིག་ལག་ཏུ་སོན་པའི་ཁྲོད་ན་ཕྱག་བྲིས་དངོས་ཀྱི་ས་མོ་ལུག་གི་ཧོར་ཟླ་བདུན་པའི་ཚེས་ཉི་ཤུས་ས་ཡ་གཅིག་སོང༌། དེའི་ཉེར་གཅིག་ནས་བཟུང་སྟེ་ཁྲི་རེ་བཟླ་བའི་རིང་ཉེ་བཅས་ཞེས་དང༌། ས་ཡ་གཉིས། ས་ཡ་གསུམ། ས་ཡ་བཞི། ཞེས་བྲིས་པ་ཞིག་མཐོང༌། སྔགས་གང་ཡིན་སུ་ཞིག་གིས་ཤེས། གྲངས་ཚད་ནི་བློ་ལས་འདས་པ་ཞིག་འདུག་གོ །དེས་ན་སྐྱེ་བོ་བློ་ཆུང་བ་རྣམས་དྲང་པའི་ཕྱིར་དང༌། ཐབས་བསོད་ནམས་ཀྱི་ཚོགས་སྤེལ་བའི་རྒྱུན་མི་ཉམས་པའི་ཕྱིར་སྤྲོས་བཅས་ཀྱི་རིམ་པ་དེ་ཙམ་ཞིག་མཛད་པར་བསྟན་གྱི། གཙོ་བོར་ནི་དུས་དང་རྣམ་པ་ཀུན་ཏུ་གདན་བཞེས་དང༌། གདུལ་བྱ་ཐུན་མོང་བ་རྣམས་ལ་ཆོས་གསུང་བའི་བར་མ་གཏོགས་པ། མུན་ཁང་ཁོ་ན་བརྟེན་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དང༌། དེ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་འདྲེས་པའི་བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ཁོ་ནས་དུས་འདའ་ཞིང་སྤྲོས་བཅས་དེ་དག་སྤྲོས་བྲལ་དེ་གའི་ངང་ནས་འཛིན་མེད་དུ་ཁྲལ་ཁྲལ་མཛད་པར་མངོན་ནོ། །