R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༣
[A:༢༥༣]པོས་གདུལ་བྱ་སོ་སོའི་བསམ་པ་དང་དབང་པོ་དང་ཁམས་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་གང་ལ་གང་འདུལ་བའི་རྣམ་པར་འཕྲུལ་པ་མཐའ་ཡས་པ་སྐད་ཅིག་སྐད་ཅིག་ལ་སྤྲོ་བར་མཛད་པའི་ཕྱིར། དེ་དག་གི་ཚུལ་ནི་འདི་ཙམ་མོ་ཞེས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིའང་བློའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་པར་བྱ་བ་ཙམ་ཡང་ཅི་ཞིག་ནུས། དེ་བས་ན་དམ་པ་འདིའི་རྣམ་པར་ཐར་པ་མཐའ་དག་ནི་བདག་ལྟ་བུའི་བླུན་པོས་སྨྲ་བར་ག་ལ་སྤོབས། འོན་ཀྱང་བདག་ཅག་ལ་སོགས་པའི་སེམས་ཅན་སྐལ་བ་དམན་པ་མཐའ་དག་རྗེས་སུ་བཟུང་བའི་སླད་དུ་ཐ་མལ་པའི་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་དུས་འདིར་བདེ་བར་གཤེགས་པའི་བསྟན་པ་དང་འགྲོ་བ་མང་པོའི་དོན་མཛད་པའི་ཚུལ་མདོ་ཙམ་ཞིག་བརྗོད་པ་ལ་སྤྲོ་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་མཁྱེན་པས་གཞལ་དཀའ་བའི། །འགྲོ་རྣམས་དགའ་བསྐྱེད་བགྲང་ཡས་ཡོན་ཏན་ཚོགས། །ལེགས་བྱས་དེ་དང་དེ་ནི་ས་བཅུ་པའི། །དབང་པོ་རྣམས་ཀྱིའང་བློ་ཡི་སྤྱོད་ཡུལ་མིན། །དམ་པའི་ཡོན་ཏན་ཡིད་བཞིན་རིན་ཆེན་མཚོ། །བྱིས་བློའི་རི་བོང་རྐྱལ་གྱིས་ཅི་ཞིག་རྟོགས། །འོན་ཀྱང་རང་རང་བློ་ལ་སྣང་བའི་ཚུལ། །ཅུང་ཟད་བརྗོད་པའང་དཔག་ཡས་ཕན་བདེའི་རྒྱུ། །དེ་ལ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་འཁྲུངས་པའི་ཡུལ་ནི། དེ་བཞིན་གཤེགས་པ་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བསྒྲོད་པ། ཆུ་བོ་ལོ་ཧི་ཏ་དལ་གྱིས་འབབ་པའི་ལྷོ། རབ་དཀར་གངས་རིའི་ཕྲེང་བས་ཀུན་ནས་བསྐོར་ཞིང་ས་གཞི་དུང་དང་ཀུནྡ་ལྟར་དཀར་ཞིང་ཤིན་ཏུ་སྣུམ་པ། ཆུ་བོའི་འཕྲེང་བས་གཡས་སུ་བསྐོར་ཏེ་དལ་གྱིས་འབབ་པ་ལ་སོགས་པ་བཀྲ་ཤིས་དང་དགེ་མཚན་དུ་མས་བརྒྱན་པས་