R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༢
[A:༢༥༢]ཐོས་པར་དཀའ་བའི་གཏམ་སྙན་ཡིད་འཕྲོག་ལྷ་ཡི་རྔ། །ཐོས་པས་སྙིང་མུན་ཅིག་ཅར་འཕྲོག་ཅིང་བསམས་ན་བདེ་ཆེན་དཔལ་འབར་བ། །དེང་འདིར་བདག་གིས་གསལ་བར་བསྒྲགས་ཀྱི་སྐལ་བཟང་འགྲོ་རྣམས་ཚུར་གཤེགས་ཉོན། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས། རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་མཐའ་དག་གི་སྤྱི་བོའི་སེང་ཁྲི་ལ་ཞབས་ཀྱི་པདྨ་ངལ་གསོ་བའི་མཁས་པ་ཆེན་པོ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པའི་དོན་ཇི་ལྟ་བར་ཐུགས་སུ་ཆུད་པའི་གྲུབ་པའི་ཁྱུ་མཆོག །རྡོ་རྗེ་འཆང་ཆེན་པོའི་གསུང་གི་གསང་བ་རབ་འབྱམས་ལ་འདོད་རྒུར་སྤྱོད་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་དབང་ཕྱུག་དམ་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཞེས་མཚན་གྱི་བ་དན་སྲིད་རྩེར་སྒྲེང་བ་འདི་ཉིད་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཡིན་པར་གོར་མ་ཆག་ལ། དེས་ན་དེ་ཉིད་ཀྱི་མཛད་པ་ནི། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེས་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་རྒྱས་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་སྣང༌། །ཞེས་གསུངས་པ་ལྟར། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་མ་གཡོས་བཞིན་དུ་སྔོན་གྱི་སྨོན་ལམ་དང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་